ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱི་རླངས་འཁོར་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་གཉིས་ཉིན་བསྒྲགས་པ་ལྟར་ན། དམག་བཀོལ་དངོས་སྐྱེལ་རླངས་འཁོར་ཞིག་ལ་ཉིན་དེའི་དགོང་མོར་རྒྱལ་ཁབ་དེའི་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁོས་ཏཱ་ནས་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་ཅུ་ལ་རྨས་ཕོག

པུས་ལུའུ་ཀྲི་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཡིས་བཤད་རྒྱུར། ཉིན་དེའི་དགོང་མོའི་དུས་ཚོད་དགུ་དང་སྐར་མ་ཉི་ཤུའི་ཡས་མས་སུ། ཕཱ་ཁི་སི་ཐན་བདེ་འཇགས་དམག་དཔུང་གི་དངོས་སྐྱེལ་རླངས་འཁོར་ཞིག་ཁོས་ཏཱ་གྲོང་ཁྱེར་གྱི་འདུ་འཛི་ཆེ་བའི་ལམ་ཁ་ཞིག་བརྒྱུད་སྐབས་འགས་གཏོར་འཇབ་རྒོལ་ཐེབས་པ་རེད། ཕཱ་ཁི་སི་ཐན་དམག་གསུམ་གསར་འགྱུར་ཅུའུ་ཡིས་བསྒྲགས་པ་ལྟར་ན། འགས་གཏོར་དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བདེ་འཇགས་མི་སྣ་བརྒྱད་ཡོད་ཟེར།

བསྒྲགས་པ་ལྟར་ན། འགས་གཏོར་དོན་རྐྱེན་དེ་ལས་ཉེ་འདབས་ཀྱི་རླངས་འཁོར་གཉིས་དང་འཕྲུལ་རྟ་མང་བོ་མེར་ཤོར་བ་དང་། ཁང་བ་རེ་འགར་ཡང་ཚད་མི་འདྲ་བའི་གཏོར་བརླག་ཐེབས་ཡོད་ཟེར།

འགས་གཏོར་དོན་རྐྱེན་བྱུང་རྗེས། རྒུད་སྐྱོབ་མི་སྣ་དག་མྱུར་མོར་དོན་རྐྱེན་བྱུང་སར་སོང་ནས་རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་དུ་བཅུག ཁོས་ཏཱ་གྲོང་ཁྱེར་གྱི་སྨན་ཁང་ཚང་མས་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་སྒྲོག་བྱས། སྨན་ཁང་ཕྱོགས་ཀྱིས་བཤད་རྒྱུར། རྨས་མའི་ཁྲོད་ཉུང་མཐར་ཡང་མི་ལྔའི་རྨས་སྐྱོན་ཅུང་ཚབས་ཆེན་ཡིན་པས། འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ངེས་རེད་ཟེར།

ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཧི་སེ་ཡུན་གྱིས་འགས་གཏོར་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། འབྲེལ་ཡོད་སྡེ་ཁག་གིས་རྨས་མ་དག་མྱུར་སྐྱོབ་བྱེད་དགོས་པའི་རེ་བ་བཏོན།

མིག་སྔའི་བར་དུ། རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་མེད། ས་དེའི་བདེ་འཇགས་མི་སྣས་ཉེ་འདབས་ས་ཁོངས་བཀག་སྡོམ་བྱས་ཏེ་རྟོག་ཞིབ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།