ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་འཇར་པན་སྲིད་གཞུང་གིས་བཙན་འཛུལ་ལོ་རྒྱུས་ལ་བསམ་བློ་ཡག་པོ་གཏོང་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་བཙན་རྒྱལ་རིང་ལུགས་ལ་ཕམ་ཉེས་བྱུང་སྟེ་མགོ་སྒུར་ནས་ལོ་ངོ་དོན་གཉིས་འགོར་བའི་སྐབས་སུ། ཁྲའོ་ཞན་གྱིས་ཚེས་བཅོ་ལྔ་ཉིན་འཇར་པན་སྲིད་གཞུང་གིས་འདོད་ཞབས་མའི་གནད་དོན་སོགས་བཙན་འཛུལ་གྱི་ཉེས་སྤྱོད་འཁྱོག་བརྗོད་དང་ཁས་ལེན་མ་བྱས་པར་རྒོལ་གཏམ་བཏང་བ་དང་། འཇར་པན་སྲིད་གཞུང་གིས་ལྷག་བསམ་རྣམ་དག་གིས་ལོ་རྒྱུས་ལ་ངོས་འཛིན་གང་ལེགས་བྱས་ཏེ་འགན་འཁྲི་ཕྲག་ཏུ་ལེན་དགོས་པའི་རེ་བ་བཏོན།

བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་འཇར་དམག་གིས་འདོད་ཞབས་མ་བཙན་བསྡུ་བྱས་པའི་གནད་དོན་གྱི་ཐབས་ཇུས་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་ཉིན་དེར་བཤད་རྒྱུར། གནོད་འཚེ་ཚབས་ཆེན་བཟོས་པའི་འཛམ་གླིང་འཁྲུག་ཆེན་གཉིས་པ་དེ་འཇར་པན་བཙན་རྒྱལ་རིང་ལུགས་ཀྱིས་མགོ་སྒུར་བ་ལས་མཇུག་སྒྲིལ་བ་རེད། ད་ལྟའི་བར་ལོ་དོན་གཉིས་འགོར་ཡོད། འཇར་པན་བཙན་རྒྱལ་རིང་ལུགས་ཀྱིས་ཁྲའོ་ཞན་དང་ཁྲའོ་ཞན་མི་རིགས། དེ་མིན་ཨེ་ཤ་ཡཱའི་མི་དམངས་གཞན་པར་བཟོས་པའི་སྡུག་བསྔལ་དེ་སྔར་བཞིན་མིའི་རིགས་ཀྱི་དྲན་འཛིན་དང་ལོ་རྒྱུས་ཁྲོད་བཞག་ཡོད། མི་རྣམས་ཀྱིས་ད་ལྟའི་བར་དུའང་འཐབ་འཁྲུག་གིས་བཟོས་དཀའ་སྡུག་བརྗེད་མེད་པ་དང་། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཞི་བདེ་ལ་གཅེས་སྲུང་བྱེད་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད་ཀྱང་། ཡིད་འཕང་བ་ཞིག་ལ་འཇར་པན་གྱིས་དེ་དང་རྩ་བ་ནས་མི་མཐུན་པའི་རྣམ་འགྱུར་ཞིག་མངོན་ཡོད་ཟེར།

མགྲིན་ཚབ་པ་དེས་བཤད་རྒྱུར། འཇར་པན་གྱིས་ལོ་རྒྱུས་འཁྱོག་བརྗོད་བྱས་པ་དང་ཉེས་པ་ཁས་ལེན་མི་བྱེད་པའི་བྱ་སྤྱོད་ནི་གྲངས་ཉུང་གཡས་ཕྱོགས་པའི་བྱ་སྤྱོད་ཅིག་ཡིན་པར་མ་ཟད། འཇར་པན་དབང་འཛིན་ལས་ཁུངས་ཀྱིས་ཀྱང་དེར་ཡར་སྐུལ་གཏོང་བཞིན་ཡོད། འཇར་པན་སྲིད་གཞུང་གིས་རྒྱལ་སྤྱིའི་ལས་ཁུངས་རེ་འགར་གནོན་ཤུགས་བྱིན་ནས་འཇར་པན་གྱི་ལོ་རྒྱུས་གནད་དོན་སྐོར་གྱི་སྙན་ཞུ་བཟོ་བཅོས་བྱེད་དགོས་པའི་བཙན་སྐུལ་བྱས་པ་དང་། རྒྱལ་ཁབ་གཞན་པས་འདོད་ཞབས་མའི་སྐུ་བརྙན་ལེན་དགོས་པའི་རེ་བ་བཏོན་པར་མ་ཟད། ཐ་ན་འཇར་པན་ཕྱི་འབྲེལ་པུའུ་ཡི་དཔོན་རིགས་ཀྱིས་འདོད་ཞབས་མའི་གནད་དོན་གྱི་གནོད་ཐེབས་མཁན་ལ་མངོན་སུམ་དུ་བརྙས་བཅོས་བྱས་པ་རེད།

མགྲིན་ཚབ་པ་དེས་བཤད་རྒྱུར། འཇར་པན་སྲིད་གཞུང་གིས་ཁྲའོ་ཞན་དང་ཁྲའོ་ཞན་མི་རིགས་ལ་བཟོས་པའི་ནག་ཉེས་ལ་རྩིས་གསལ་བོ་བརྒྱག་དགོས་པ་དང་། ལྷག་བསམ་རྣམ་དག་གིས་དུས་རབས་སྔོན་མའི་ཨེ་ཤ་ཡཱའི་མི་དམངས་ལ་བཟོས་པའི་འདོད་ཞབས་མ་བཙན་བསྡུ་བྱེད་པ་སོགས་ཀྱི་ནག་ཉེས་ལ་བསམ་བློ་ཡག་པོ་བཏང་སྟེ་འགན་འཁྲི་ཕྲག་ཏུ་ལེན་དགོས་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།