ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རི་དང་ཉི་ཧོང་གིས་ཁོ་རེ་ཡ་བྱང་མར་གནོན་ཤུགས་ཇེ་ཆེར་གཏོང་རྒྱུ་ཡིན་ཞེས་བརྗོད་པ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཛ་དྲག་གི་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཁོ་རེ་ཡ་བྱང་མས་ཉེ་ཆར་འཕུར་མདེལ་ཚོད་ལྟའི་འཕེན་གཏོང་གསར་ཤོས་བྱས་པར་དམིགས་ནས་ཨ་རི་དང་ཉི་ཧོང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་ཁ་པར་གཏོང་རེས་བྱས་ནས་ཁོ་རེ་ཡ་བྱང་མར་གནོན་ཤུགས་གཏོང་ཚད་ཇེ་ཆེར་གཏོང་རྒྱུ་ཡིན་ཞེས་བསྟན་པ་རེད། ཨ་རི་དང་ཉི་ཧོང་། ཁོ་རེ་ཡ་ལྷོ་མ་རྒྱལ་ཁབ་གསུམ་གྱི་རེ་ཞུ་བྱས་པ་དང་ལེན་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་རིའི་ཤར་ཕྱོགས་དུས་ཚོད་ཚེས་29ཉིན་གྱི་ཕྱི་དྲོར་ཛ་དྲག་གི་ཚོགས་འདུ་འཚོགས་ཏེ་ཁོ་རེ་ཡ་བྱང་མས་འཕུར་མདེལ་འཕེན་གཏོང་བྱས་པའི་གནད་དོན་ལ་གྲོས་བསྡུར་བྱས་པ་རེད།

ཚེས་29ཉིན་ཨ་རིའི་ཕོ་བྲང་དཀར་པོ་ཡིས་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་དུ་ཨ་རིའི་སྲིད་འཛིན་ཐེ་རོམ་ཕུ་དང་ཉི་ཧོང་གི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གཉིས་ཀྱིས་ཐུན་མོང་དུ་ཁོ་རེ་ཡ་བྱང་མས་ཨ་རི་དང་ཉི་ཧོང་། ཁོ་རེ་ཡ་ལྷོ་མ་བཅས་དང་དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་གཞན་དག་ལ་འཇིགས་སྐུལ་"ཚབས་ཆེན་དང་ཐད་ཀར"བྱས་པའི་ངོས་འཛིན་གཅིག་མཐུན་བྱས་པ་རེད། ཨ་རི་དང་ཉི་ཧོང་གི་འགོ་ཁྲིད་པས་ཁོ་རེ་ཡ་བྱང་མར་གནོན་ཤུགས་གཏོང་ཚད་ཇེ་ཆེར་གཏོང་རྒྱུ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལ་གོ་སྐོན་བློ་འགུགས་གང་ཐུབ་བྱས་ནས་ཁོ་རེ་ཡ་བྱང་མར་གནོན་ཤུགས་གཏོང་དུ་འཇུག་རྒྱུ་ཁས་ལེན་བྱས་ཡོད་ཅེས་བརྗོད་པ་རེད།

ཉིན་དེར་ཐེ་རོམ་ཕུ་ཡིས་གསལ་བསྒྲགས་གཞན་ཞིག་གི་ནང་དུ་ཁོ་རེ་ཡ་བྱང་མའི་འཇིགས་སྐུལ་རང་བཞིན་ལྡན་པའི་བྱ་ཐབས་དང་བརྟན་ལྷིང་གཏོར་བཤིག་གཏོང་བའི་བྱ་སྤྱོད་ཀྱིས་ཁོ་རེ་ཡ་བྱང་མ་གྲོགས་མེད་ཁེར་རྐྱང་དུ་འགྱུར་ཚུལ་སྔར་ལས་ཇེ་ཆེ་བར་འགྲོ་རྒྱུ་ཁོ་ན་རེད་ཅེས་བསྟན་པ་དང་། ཁོང་གིས་ད་དུང་ཁོ་རེ་ཡ་གླིང་ཕྲན་ཕྱེད་ཙམ་གྱི་ཉིང་རྡུལ་གནད་དོན་སྐོར་གྱི་ཐག་གཅོད་བྱ་ཐབས་ཚང་མ་བསམ་གཞིག་བྱེད་ཁོངས་སུ་ཚུད་ཡོད་ཅེས་ཀྱང་བརྗོད་པ་རེད།

ཉི་ཧོང་སྨྱན་སྦྱོར་གྱིས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། ཁོ་རེ་ཡ་བྱང་མས་ཉི་ཧོང་གི་ས་གནས་དེ་གའི་དུས་ཚོད་ཚེས་29ཉིན་གྱི་ཆུ་ཚོད་5དང་སྐར་མ་58ཐོག་འཕུར་མདེལ་ཞིག་འཕེན་གཏོང་བྱས་ཤིང་། འཕུར་མདེལ་དེ་ཆུ་ཚོད་6དང་སྐར་མ་6ཡས་མས་སུ་ཉི་ཧོང་གི་པེ་ཧའེ་ཏའོ་ཅིང་ཧྲང་ཅ་ས་ཁུལ་གྱི་མཁའ་དབྱིངས་ནས་འཕུར་འགྲོ་བ་དང་། དེ་རྗེས་ས་ཁུལ་དེའི་ཤར་ཕྱོགས་སྤྱི་ལེ་1180ཡོད་སའི་ཞི་བདེ་རྒྱ་མཚོ་ཆེན་པོའི་མཚོ་ཁོངས་སུ་ལྷུངས་པ་རེད།

ཨན་པེ་ཡིས་ཉིན་དེར་ཁོ་རེ་ཡ་བྱང་མས་འཕུར་མདེལ་འཕེན་གཏོང་བྱས་ནས་ཉི་ཧོང་གི་མཁའ་དབྱིངས་ནས་འཕུར་བའི་བྱ་སྤྱོད་ནི་ཉི་ཧོང་ལ"འཇིགས་སྐུལ་སྔར་བྱུང་མ་མྱོང་བ་ཚབས་ཆེན་པོ"ཞིག་བྱས་པ་ཡིན་པས། ཉི་ཧོང་ཕྱོགས་ཀྱིས་ཁོ་རེ་ཡ་བྱང་མ་ཕྱོགས་ལ་རྒོལ་གཏམ་དྲང་ནན་བཏང་ཡོད་ཅེས་བསྟན་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེ་མོ་ཀུའུ་ཐེ་ལེ་སི་ཡིས་ཀྱང་གཏམ་བརྗོད་པ་བརྒྱུད་དེ་གསལ་བསྒྲགས་སྤེལ་ནས་ཁོ་རེ་ཡ་བྱང་མས་མདེལ་ལམ་འཕུར་མདའ་འཕེན་གཏོང་བྱས་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་འགལ་བ་དང་། "ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་དང་དེ་བཞིན་གྲོས་གླེང་བྱ་ཡུལ་སྐྲུན་པའི་འབད་བརྩོན་གཏོར་བརླག་བཏང"ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཀུའུ་ཐེ་ལེ་སི་ཡིས་ཁོ་རེ་ཡ་བྱང་མ་སྲིད་གཞུང་གིས་ཕྱོགས་ཡོངས་ནས་རྒྱལ་སྤྱིའི་འོས་འགན་འཁྲི་སྒྲུབ་བྱས་ཏེ་བསམ་ཚུལ་བརྗེ་རེས་ཐབས་ལམ་བསྐྱར་དུ་འབྱེད་པའི་ཕྱོགས་སུ་འབད་བརྩོན་ཆེན་པོ་བྱ་དགོས་ཞེས་སྐུལ་འདེབས་བྱས་པ་རེད།

ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་མཐོ་རིམ་འཐུས་ཚབ་མོ་ཀའེ་ལི་ཉི་ཡིས་ཚེས29ཉིན་གསལ་བསྒྲགས་སྤེལ་ཏེ་ཁོ་རེ་ཡ་བྱང་མས་འཕུར་མདའ་འཕེན་གཏོང་བྱས་ཏེ་ཉི་ཧོང་གི་མཁའ་དབྱིངས་སུ་འཕུར་བར་རྒོལ་གཏམ་བཏང་བ་མ་ཟད། ཡོ་རོབ་མནའ་འབྲེལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཞིབ་བྱས་ཚུལ་ལ་གཞིགས་ནས་མཉམ་ལས་རོགས་ཟླ་གཙོ་བོ་དང་གྲོས་མོལ་ཇེ་ཟབ་བྱས་ཏེ་ཨ་ལན་འོས་འཚམ་སྔར་ལས་ལྷག་པར་སློག་པའི་བསམ་གཞིགས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
ཁོ་རེ་ཡ་ལྷོ་མ་སྲིད་གཞུང་གིས་ཉིན་དེར་གསར་བསྒྲགས་སྤེལ་ནས་ཁོ་རེ་ཡ་བྱང་མས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོ་རེ་ཡ་བྱང་མ་དང་འབྲེལ་བའི་གྲོས་ཆོད2371པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐ་ཚིག་ནན་མོ་རྒྱབ་ཏུ་བསྐྱུར་ནས་ཡང་བསྐྱར"འཁྲུག་རྐྱེན་སློང་བ"ལ་རྒོལ་གཏམ་དྲག་པོ་བཏང་བ་རེད། གསལ་བསྒྲགས་ཀྱི་ནང་དུ་ཁོ་རེ་ཡ་བྱང་མ་ཕྱོགས་ཀྱིས་འཕྲལ་མར་གྲོས་མོལ་གྱི་ལམ་དུ་ལོག་པ་དང་། ཉིང་རྡུལ་མེད་པར་བྱ་རྒྱུ་ཁོ་ན་སོ་སོར་བདེ་འཇགས་དང་དཔལ་འབྱོར་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ལམ་བུ་ཉག་ཅིག་ཡིན་པ་ངོས་འཛིན་བྱ་དགོས་པར་སྐུལ་འདེབས་བྱས་ཡོད་ལ། གསལ་བསྒྲགས་ཀྱི་ནང་དུ་གལ་སྲིད་ཁོ་རེ་ཡ་བྱང་མ་ཕྱོགས་ཀྱིས་མུ་མཐུད་དུ"འཁྲུག་རྐྱེན་སློང་བའི"བྱ་སྤྱོད་སྤེལ་ན། ཁོ་རེ་ཡ་ལྷོ་མས་ཨ་རི་དང་ཁོ་རེ་ཡ་ལྷོ་མའི་མནའ་འབྲེལ་ལ་བརྟེན་ནས་ཁ་གཏད་མཐའ་གཅིག་ཏུ་འཇལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།