ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་དམག་དོན་རྟེན་གཞི་ཞིག་ལ་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པའི་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་མཱ་ལིའི་དམག་ཕྱོགས་ཀྱིས་མའོ་ཅཱ་ཏིས་ཧྲ་ནས་བཤད་རྒྱུར། ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དག་གིས་ཚེས་གསུམ་ཉིན་རྒྱལ་ཁབ་དེའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཅི་སི་མཱ་ཡུག་ཉེ་འདབས་ཀྱི་དམག་དོན་རྟེན་གཞི་ཞིག་ལ་འཇབ་རྒོལ་བྱས་ཏེ། སྲིད་གཞུང་དམག་དཔུང་གིས་རྒོལ་ལན་སྤྲོད་པའི་སྐབས་སུ་དྲག་ཆས་ཉེས་ཅན་ཉི་ཤུ་བསད་ཟེར།

སོ་མཱ་ལིའི་རྒྱལ་ཁབ་དམག་དཔུང་གི་དཔོན་རིགས་སཱ་ཧཱ་ཨར་ཏིས་ཏི་ཡིས་བསྟན་དོན། འཇབ་རྒོལ་ཐེབས་པ་དམག་སྒར་དེ་ཅི་སི་མཱ་ཡུག་བྱང་ངོས་ཀྱི་སྤྱི་ལེ་སུམ་ཅུའི་མཚམས་སུ་ཡོད་པའི་པུའུ་ལོ་ཀུའུ་ཏུའུ་ཏི་རུ་གནས་པ་དང་། འཁྲུག་རྩོད་ཁྲོད་ཕྱོགས་གཉིས་ལ་ཤི་རྨས་ཐེབས་ཡོད་ཟེར།

ཁོས་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱིས་ཐོག་མར་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་དོན་རྐྱེན་བཟོས་ནས་དམག་སྒར་ལ་འཇབ་རྒོལ་བྱས་པ་དང་། སྲིད་གཞུང་དམག་དཔུང་གིས་དེའི་རྗེས་སུ་རྒོལ་ལན་སྤྲད་དེ། དྲག་ཆས་ཉེས་ཅན་ཉི་ཤུ་བསད། མིག་སྔར་སྲིད་གཞུང་དམག་དཔུང་གིས་རྟེན་གཞི་དེ་ཚོད་འཛིན་བྱས་ཡོད་ལ། ཁོས་དམག་ཕྱོགས་ཀྱི་ཤི་རྨས་གནས་ཚུལ་གསལ་བོར་མ་བསྒྲགས།

སོ་མཱ་ལིའི་ན་གཞོན་ཏང་གིས་བསྟན་དོན། ཁོ་ཚོས་འཇབ་རྒོལ་ཁྲོད་སྲིད་གཞུང་དམག་དཔུང་གི་དམག་མི་ཉེར་དྲུག་བསད་པ་དང་། དམག་དཔུང་གི་རླངས་འཁོར་གསུམ་དང་མཚོན་ཆ་མང་བོ་འཕྲོག་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། དམག་དོན་རྟེན་གཞི་དེ་སོ་མཱ་ལིའི་རྒྱལ་ཁབ་དམག་དཔུང་དང་སོ་མཱ་ལིའི་ལྷོ་ཕྱོགས་ཀྱི་ཀྲུའུ་པཱ་ལན་ས་ཁུལ་གྱི་དྲག་ཆས་པས་མཉམ་འབྲེལ་སྒོས་བདག་གཉེར་བྱེད་བཞིན་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།