ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཞི་ཁོ་རུ་ས་འགུལ་བྱུང་ནས་མི་རེ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

9月8日,在墨西哥瓦哈卡州,挖掘机在受灾现场清理废墟。.jpg

ཟླ་དགུ་བའི་ཚེས་བརྒྱད་ཉིན། མའོ་ཞི་ཁོའི་ཝ་ཧཱ་ཁཱ་ཀྲིག་ནས། ས་བརྐོ་འཕྲུལ་ཆས་ཀྱིས་གནོད་ཐེབས་ཡུལ་དངོས་ཀྱི་སྙིགས་རོ་གཙང་སེལ་བྱེད་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ཞི་ཁོའི་ནང་སྲིད་པུའུ་ཡི་ཁོངས་སུ་གཏོགས་པའི་རྒྱལ་ཡོངས་མི་དམངས་མཁའ་སྲུང་ལས་ཁུངས་ཀྱི་འགན་ཁུར་བ་ཕུའུ་ཨིན་ཐི་ཡིས་ཚེས་དགུའི་ཉིན་གྱི་ཉིན་གུང་བཤད་རྒྱུར། མའོ་ཞི་ཁོའི་ས་འགུལ་ལ་མི་རེ་ལྔ་རྐྱེན་ལམ་དུ་ཤོར་ཟེར།

མའོ་ཞི་ཁོའི་ཆཱ་ཕཱ་སི་ཀྲིག་ཐའོ་ནཱ་ལཱ་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་བརྒྱ་དང་སོ་བདུན་མཚམས་ཀྱི་མཚོ་ཁོངས་སུ་་ཚེས་བདུན་ཉིན་གྱི་དགོང་མོར་ཚད་རིམ་བརྒྱད་དང་གྲངས་ཆུང་གཉིས་ཀྱི་ས་འགུལ་དྲག་པོ་བྱུང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་བཅུ་དགུ་པ་རེད། ཚེས་དགུ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་གཅིག་བར། ས་འགུལ་ཆུང་བ་ཐེངས་བདུན་བརྒྱ་དང་ཉེར་གཅིག་བྱུང་བ་དང་། ཆེས་ཆེ་བའི་ས་འགུལ་ཆུང་བའི་ཚད་རིམ་དྲུག་དང་གྲངས་ཆུང་གཅིག་ལ་བསླེབ་ཡོད་ཟེར།

ཕུའུ་ཅིན་ཐི་ཡིས་ཚེས་དགུའི་ཉིན་གྱི་ཉིན་གུང་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། མའོ་ཞི་ཁོའི་ལྷོ་ཕྱོགས་ཀྱི་ཝ་ཧཱ་ཁཱ་ཀྲིག་ནི་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བའི་ཀྲིག་ཅིག་ཡིན་པ་དང་། ཀྲིག་དེའི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཞེ་དྲུག་ལ་བསླེབ་ཡོད། དེ་ལས་གཞན་ཆཱ་ཕཱ་སི་ཀྲིག་དང་ཐཱ་ཝ་སི་ཁི་ཀྲིག་ཏུ་སོ་སོར་མི་བཅོ་ལྔ་དང་མི་བཞི་རྐྱེན་ལམ་དུ་ཤོར་ཡོད་ཟེར།

མའོ་ཞི་ཁོའི་ཙུང་ཐུང་ཕའེ་ནེ་ཡཱ་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་ཝ་ཧཱ་ཁཱ་ཀྲིག་གི་ཧུའུ་ཆི་ཐན་གྲོང་ཁྱེར་དུ་སོང་ནས་གནོད་ཐེབས་ས་ཁུལ་གྱི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། མའོ་ཞི་ཁོ་ཡིས་ཕྱོགས་སོ་སོའི་འཛུགས་སྐྲུན་སྟོབས་ཤུགས་མཉམ་དུ་སྒྲིལ་ནས་ས་འགུལ་གྱི་གནོད་འཚེ་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

ཕའེ་ནེ་ཡཱ་ཡིས་བསྟན་དོན། མའོ་ཞི་ཁོའི་སྲིད་གཞུང་གིས་མྱུར་མོར་ས་འགུལ་གྱི་གནོད་འཚེ་ཐེབས་པའི་ས་ཁུལ་གྱི་འཐུང་ཆུ་དང་ཟས་རིགས་འདོན་སྤྲོད་སླར་གསོ་བྱེད་རྒྱུ་ཡིན་པ་དང་། གནོད་ཐེབས་མང་ཚོགས་ལ་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

ཧུའུ་ཆི་ཐན་གྲོང་ཁྱེར་གྱི་ཧྲི་ཀྲང་སིང་ཆེ་སི་ཡིས་གསར་འགོད་པར་བཤད་རྒྱུར། ཧུའུ་ཆི་ཐན་གྲོང་ཁྱེར་ནི་ཐེངས་འདིའི་ས་འགུལ་ཁྲོད་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བའི་ས་ཁུལ་ཞིག་ཡིན་པ་དང་། ཉུང་མཐར་ཡང་མི་སོ་དྲུག་རྐྱེན་ལམ་དུ་ཤོར་ཡོད་པ་དང་། མི་སུམ་བརྒྱ་ལྷག་ལ་རྨས་ཕོག་ཡོད། ཁང་བ་སྟོང་གཉིས་ཙམ་ལ་རྡིབ་སྐྱོན་བྱུང་ཡོད་ཟེར།

ཚེས་བརྒྱད་ཉིན་ནས་བཟུང་། མའོ་ཞི་ཁོ་ཡིས་ཉིན་གསུམ་རིང་མྱ་ངན་ཞུ་རྒྱུ་ཡིན་པ་དང་། རྒྱལ་ཡོངས་ཀྱི་མི་མང་ཚོགས་ས་སོ་སོ་ནས་རྒྱལ་དར་ཕྱེད་ཙམ་མར་ཕབ་སྟེ་ཐེངས་འདིའི་ས་འགུལ་ཁྲོད་ཀྱི་འདས་པོར་མྱ་ངན་ཞུ་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།