ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་རྒྱལ་ས་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བརྒྱད་ལ་ཤི་རྨས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡིས་ཚེས་བཅུ་གསུམ་ཉིན་བདེན་དཔང་བྱས་དོན། རྒྱལ་ས་ཁཱ་པོར་ནས་ཉིན་དེར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་ལ་རྨས་ཕོག་ཟེར།

ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་ཏཱ་ནེ་ཧྲི་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བསྟན་དོན། འཇབ་རྒོལ་ཐེབས་པའི་ས་ཁུལ་དེ་རྒྱལ་སའི་ལུས་རྩལ་ཁང་གི་ཉེ་འདབས་ཡིན་པ་དང་། འདས་པོའི་ཁྲོད་བདེ་སྲུང་མི་སྣ་གཅིག་དང་མི་སེར་དཀྱུས་མ་གཉིས་འདུས་ཟེར།

བསྒྲགས་པ་ལྟར་ན། ལུས་རྩལ་ཁང་དུ་སྐབས་ཐོག་དེར་ལུས་རྩལ་འགྲན་སྡུར་ཞིག་སྤེལ་བཞིན་ཡོད་པ་དང་། དོན་རྐྱེན་བྱུང་རྗེས་འགྲན་སྡུར་མྱུར་མོར་མཚམས་བཞག སྟབས་ལེགས་པ་ཞིག་ལ་འགས་གཏོར་དོན་རྐྱེན་དེ་ལུས་རྩལ་ཁང་གི་ཕྱི་རོལ་ནས་བྱུང་བ་ཡིན་པས། ལུས་རྩལ་ཁང་ནང་གི་མི་སྣར་ཤི་རྨས་མ་ཐེབས་པ་རེད་ཟེར།

གནས་ཚུལ་དངོས་སུ་མཐོང་མཁན་ཞིག་གིས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ཕྱི་དྲོའི་དུས་ཚོད་བཞི་ཡས་མས་སུ་བྱུང་བ་ཡིན་ལ། རང་སྲོག་གཅོད་པའི་འཇབ་རྒོལ་མཁན་ཞིག་གིས་ལུས་རྩལ་ཁང་གི་ཕྱི་རོལ་ནས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་སྟེ། འཇབ་རྒོལ་མཁན་དང་བཅས་པའི་མི་མང་བོར་ཤི་རྨས་བཟོས་པ་རེད་ཟེར།

མིག་སྔའི་བར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།