ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་གཉིས་པའི་སྤྱིར་བཏང་གི་དཔྱད་གླེང་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་གཉིས་པའི་སྤྱིར་བཏང་གི་དཔྱད་གླེང་དེ་ཚེས་བཅུ་དགུའི་ཉིན་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྤེལ་མགོ་བརྩམས། སྤྱིར་བཏང་གི་དཔྱད་གླེང་དང་མཐོ་རིམ་བྱ་འགུལ་ལ་ཞུགས་པའི་རྒྱལ་ཁབ་དང་སྲིད་གཞུང་གི་མགོ་ཁྲིད་དང་འཐུས་མི་བརྒྱ་ལྷག་གིས་ཐུན་མོང་གི་མདུན་དུ་ལྷགས་པའི་འཇིགས་ཉེན་ཆེན་པོ་དང་འགྲན་རྩོད་ཐག་གཅོད་བྱེད་པའི་ཐབས་ལ་གྲོས་བསྡུར་བྱེད་རྒྱུ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ལོ་ཧྲིལ་བོའི་བྱ་བའི་སྙན་ཞུ་ཕུལ། ཁོས་སྙན་ཞུའི་ནང་དེང་སྐབས་འཛམ་གླིང་གི་མདུན་དུ་ལྷགས་པའི་འགྲན་རྩོད་དང་འཇིགས་ཉེན་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། དེའི་ནང་ཉིང་རྡུལ་ནུས་པའི་འཇིགས་ཉེན་དང་ནམ་ཟླའི་འགྱུར་ལྡོག ཐལ་སྤྱོད་རིང་ལུགས་དང་འཇིགས་སྐུལ་རིང་ལུགས་སོགས་འདུས།

སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་མགོ་རྩོམ་པའི་ཞུ་ཚིག་ཁྲོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ལེ་ཆཱ་ཁི་ཡིས་ཞི་བདེ་དང་འཁྲུག་རྩོད་སྔོན་འགོག་བྱེད་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བའི་སྙིང་བོ་དང་། མི་གཞི་རྩར་བྱེད་པའི་བྱ་བའི་འདུ་ཤེས་ཁྲོད་འཇོག་དགོས་པ་རྒྱས་བཤད་བྱས། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཉིས་སྟོང་སུམ་ཅུ་ལོའི་བར་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དང་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཕཱ་རེ་སིའི་གྲོས་ཆོད་མངོན་འགྱུར་བྱེད་པར་དམ་བཅའ་འཇོག་རྒྱུ་བསྐྱར་སྒྲོག་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཞིབ་དང་ལྟ་རྟོག དཔྱད་ཞིབ་བྱེད་པའི་ལས་ཁུངས་གཙོ་བོ་ཞིག་ཡིན་ཞིང་། ཁོངས་གཏོགས་རྒྱལ་ཁབ་ཡོངས་ཀྱིས་མཉམ་དུ་གྲུབ་པ་ཡིན། ཚོགས་ཆེན་དེ་ལོ་རེའི་ཟླ་དགུ་བ་ནས་ཟླ་བཅུ་གཉིས་བར་རྒྱུན་ལས་གྲོས་ཚོགས་སྤེལ་བཞིན་ཡོད། རྒྱུན་ལས་གྲོས་ཚོགས་ལ་དུས་རིམ་གཉིས་སུ་བགོས་ཡོད་པ་དང་། དུས་རིམ་སྔོན་མ་ནི་སྤྱིར་བཏང་གི་དཔྱད་གླེང་དུས་རིམ་ཡིན་པ་དང་། དུས་རིམ་རྗེས་མ་ནི་གྲོས་རིམ་སོ་སོར་གྲོས་ཞིབ་བྱེད་པའི་དུས་རིམ་ཡིན། སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་ནི་ལོ་རེར་ཐེངས་རེ་སྤེལ་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་མཐོ་རིམ་གྲོས་ཚོགས་ཤིག་ཡིན་པ་དང་། ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་གོ་གསུམ་གྱི་མགོ་ཁྲིད་པ་དང་མཐོ་རིམ་འཐུས་མི་ལྷན་དུ་འཛོམས་ཏེ་རང་རང་གི་འཛམ་གླིང་གནད་དོན་ཐད་ཀྱི་ལྟ་ཚུལ་རྒྱས་བཤད་བྱེད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།