ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་འཐུས་མིས་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཕྱོགས་སོ་སོས་འཁྲུག་རྩོད་མཚམས་འཇོག་པའི་རྐྱེན་སྲོལ་ལ་བརྩི་འཇོག་བྱེད་པར་འགན་ལེན་བྱེད་རྒྱུ་ཡིན་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་འཐུས་མི་སཱ་དབྱེ་ཏིས་ཁི་ཡིས་ཚེས་ཉི་ཤུའི་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་བསྟན་དོན། ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་མུ་མཐུད་དུ་ཕྱོགས་སོ་སོས་འཁྲུག་རྩོད་མཚམས་འཇོག་པའི་རྐྱེན་སྲོལ་ལ་བརྩི་འཇོག་བྱེད་པར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།

ཉིན་དེར་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་མེན་སི་ཁི་ནས་རྒྱུན་ལྡན་གྱི་གྲོས་མོལ་བྱས། སཱ་དབྱེ་ཏིས་ཁི་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཟླ་བརྒྱད་པར་འབྲེལ་གཏུག་ཚན་ཆུང་གིས་སློབ་སྐབས་གསར་བའི་ནང་ཕྱོགས་སོ་སོས་འཁྲུག་རྩོད་མཚམས་འཇོག་པར་ཁས་ལེན་བྱས་པའི་སྐབས་ཀྱི་གནས་ཚུལ་དང་བསྡུར་ན། མིག་སྔར་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་འབྱུང་ཚད་ཇེ་དམའ་རུ་སོང་ཡོད།

ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་ལྟ་ཞིབ་ཚོགས་པས་སྤེལ་བའི་རྒྱུ་ཆ་ལྟར་ན། ན་ནིང་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་བསྡོམས་པས་མི་བཞི་བརྒྱ་དང་ཞེ་གཉིས་ལ་ཤི་རྨས་ཐེབས་པ་དང་། ད་ལོར་ཟླ་དགུ་བའི་ཚེས་བཅུ་བདུན་ཉིན་བར། ས་ཁུལ་དེའི་ཤི་རྨས་ཐེབས་པའི་མི་གྲངས་མི་སུམ་བརྒྱ་དང་གྱ་གསུམ་ལ་བསླེབ་ཡོད། སཱ་དབྱེ་ཏིས་ཁི་ཡིས་ཉིན་དེར་བསྟན་དོན། གནས་ཚུལ་དེ་འདྲ་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་རེད་ཟེར།

སཱ་དབྱེ་ཏིས་ཁི་ཡིས་བཤད་རྒྱུར། ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་མུ་མཐུད་དུ་ཕྱོགས་སོ་སོས་འཁྲུག་རྩོད་མཚམས་འཇོག་པའི་རྐྱེན་སྲོལ་བརྩི་སྲུང་བྱེད་པར་ཁག་ཐེག་བྱས་ཏེ། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་སྟོན་ཁའི་བདེ་འཇགས་གནས་བབ་ཡང་བསྐྱར་ཇེ་སྡུག་ཏུ་འགྲོ་བའི་གནས་ཚུལ་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར།

སཱ་དབྱེ་ཏིས་ཁི་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཉིན་དེའི་གྲོས་མོལ་ནས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་བཀོད་སྒྲིག་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས་མེད་པ་དང་། ཕྱོགས་སོ་སོས་གྲོས་མོལ་བྱས་ཏེ་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་སྐོར་ཐེངས་རྗེས་མའི་གྲོས་མོལ་དེ་ཟླ་བཅུ་བའི་ཚེས་བཞིའི་ཉིན་སྤེལ་རྒྱུ་ཐག་བཅད་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།