ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལ་ཐུག་འཕྲད་བྱས་ཏེ་ཨ་མེ་རི་ཁའི་ཕྱི་འབྲེལ་མི་སྣའི་ལུས་ཕུང་བདེ་ཐང་གི་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། རྒྱལ་སྲིད་བློན་ཆེན་ཏིས་ལེ་སིན་གྱིས་ཉིན་དེའི་ཕྱི་དྲོར་ཝ་ཧྲིན་ཐོན་ནས་ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ལ་ཐུག་འཕྲད་བྱས་ཏེ། ཨ་མེ་རི་ཁ་དང་ཁུ་པཱའི་གཞུང་ཚབ་ཁང་གི་ཕྱི་འབྲེལ་མི་སྣར་ཉེ་སྔོན་བྱུང་བའི་ལུས་ཕུང་བདེ་ཐང་མིན་པའི་གནད་དོ་ལ་གྲོས་བསྡུར་བྱས། དེ་ནི་ཐི་ལིང་ཕུའུ་ཡིས་ཙུང་ཐུང་གི་འགན་ཁུར་རྗེས་ཨ་མེ་རི་ཁ་དང་ཁུ་པཱའི་མཐོ་རིམ་དཔོན་པོའི་གྲོས་མོལ་ཐོག་མ་རེད།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཕྱོགས་གཉིས་ཀྱི་གྲོས་མོལ་ལྷག་བསམ་རྣམ་དག་ཡིན་ཟེར། ཏིས་ལེ་སིན་གྱིས་ཨ་མེ་རི་ཁའི་ཕྱི་འབྲེལ་མི་སྣའི་བདེ་འཇགས་ལ་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན་པ་དང་། ཁུ་པཱ་ཕྱོགས་ཀྱིས་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་མི་སྣ་དང་དེའི་ཁྱིམ་མི་དག་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཡོད་པར་འདོད།

ཁུ་པཱའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ལོ་ཏི་ལི་ཀི་སི་ཡིས་གྲོས་མོལ་བྱེད་སྐབས་བསྐྱར་སྒྲོག་བྱས་དོན། ཁུ་པཱ་ཕྱོགས་ཀྱིས་དོན་དེར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཆེད་མཁས་ཚན་ཆུང་བཙུགས་ནས་རྟོག་ཞིབ་བྱེད་བཞིན་ཡོད། མིག་སྔར་རྟོག་ཞིབ་བྱེད་པའི་སྒང་ཡིན་པ་དང་། ཨ་མེ་རི་ཁའི་ཕྱི་འབྲེལ་མི་སྣར་བྱུང་བའི་ལུས་ཕུང་བདེ་ཐང་མིན་པའི་སྣང་ཚུལ་དེའི་འབྱུང་རྐྱེན་གསལ་བོར་ཤེས་མེད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ནོའུ་ཨར་ཐི་ཡིས་ཉིན་དེའི་སྔ་དྲོར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། གྲོས་མོལ་ནི་ཁུ་པཱ་སྲིད་གཞུང་གིས་རེ་བ་བཏོན་པ་ལྟར་སྤེལ་བ་ཡིན་ཞིང་། རྒྱལ་སྲིད་བློན་ཆེན་ཏིས་ལེ་སིན་ཉིན་དེའི་ཕྱི་དྲོར་གནས་སྐབས་སུ་གྲོས་རིམ་དེ་ཁ་སྣོན་བྱས་པ་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།