ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་དང་དབྱི་རག་གི་མཐའ་མཚམས་ས་ཁུལ་དུ་བྱུང་བའི་ས་འགུལ་དྲག་པོ་ལས་མི་བཞི་བརྒྱ་ལྷག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་དཔོན་ཕྱོགས་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་གསུམ་ཉིན་ཁྱབ་སྒྲོག་བྱས་པའི་བསྡོམས་རྩིས་ཁ་གྲངས་ལས་མངོན་པ་ལྟར་ན། ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་དབྱི་ལིང་དང་དབྱི་རག་གི་མཐའ་མཚམས་ས་ཁུལ་ནས་བྱུང་བའི་ས་འགུལ་དྲག་པོ་ལས་ཉུང་མཐར་ཡང་མི་སུམ་བརྒྱ་དང་ཉེར་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཉིས་དང་ལྔ་བརྒྱ་ལྷག་ལ་རྨས་ཕོག་ཡོད་ཟེར།

དེའི་ཁར་དབྱི་རག་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པའི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་བསྣན་ན། ཐེངས་འདིའི་ས་འགུལ་དྲག་པོ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སུམ་བརྒྱ་དང་སུམ་ཅུ་ལས་བརྒལ་ཡོད་ཟེར།

རྒྱལ་སྤྱིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ས་འགུལ་ལས་རི་ཉིལ་ནས་གློག་ཆད་པས། རྒུད་སྐྱོབ་མྱུར་ཚད་ལ་གནོད་པ་ཐེབས་ཡོད་ཟེར།

ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ཡིས་བསྒྲགས་པ་ལྟར་ན། དབྱི་རག་གི་སུའུ་ལའེ་མན་ནེ་ཡཱ་ཞིང་ཆེན་གྱི་ཧཱ་ལའེ་པུའུ་ཅེ་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་སོ་གཉིས་མཚམས་སུ་ས་དེའི་ཚེས་བཅུ་གཉིས་ཉིན་གྱི་དགོང་མོའི་དུས་ཚོད་དགུ་དང་སྐར་མ་བཅོི་བརྒྱད་སྟེང་ཚད་རིམ་བདུན་དང་གྲངས་ཆུང་གཉིས་ཀྱི་འགུལ་བྱུང་བ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་སོ་གསུམ་དང་གྲངས་ཆུང་དགུ་ཡོད་ཟེར།

དབྱི་ལིང་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། ས་འགུལ་ལས་བསྡོམས་པས་དབྱི་ལིང་ཕྱོགས་ནས་ཉུང་མཐར་ཡང་མི་ཉིས་བརྒྱ་དང་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སྟོང་གཉིས་དང་ལྔ་བརྒྱ་བཞི་ལ་རྨས་ཕོག་ཡོད་ཟེར། དེའི་རྗེས་སུ་ཅང་མ་འགོར་བར་དབྱི་ལིང་སློབ་མའི་འཕྲིན་གཏོང་ཁང་གིས་བསྒྲགས་དོན། རྐྱེན་ལམ་དུ་ཤོར་བའི་མི་གྲངས་སུམ་བརྒྱ་དང་ཉེར་བརྒྱད་ལ་འཕར་ཡོད་པ་དང་། སྔར་ལས་ཇེ་མང་དུ་འགྲོ་ངེས་རེད་ཟེར།

ལུའུ་ཐིག་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཐེངས་འདིའི་དབྱི་ལིང་ཕྱོགས་ཀྱི་ས་འགུལ་གྱི་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བ་ནི་ཁི་ཨར་མན་ཧྲ་ཨ་ཞིང་ཆེན་ཡིན་པ་དང་། ཞིང་ཆེན་དེའི་སཱ་ཨར་པའོ་ལེ་ཀྲ་ཧཱ་པུའུ་རྫོང་ནས། ཉུང་མཐར་ཡང་མི་བརྒྱ་དང་ཞེ་གཉིས་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། ཡུལ་དེ་དབྱི་ལིང་དང་དབྱི་རག་གི་རྒྱལ་མཚམས་བར་བར་ཐག་སྤྱི་ལེ་བཅོ་ལྔ་ལས་མེད་ཟེར།

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས་བཅུ་གསུམ་ཉིན་ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ཡིས་ཐེངས་འདིའི་ས་འགུལ་གྱི་ཚད་རིམ་བདུན་དང་གྲངས་ཆུང་གསུམ་ལ་གཏན་འཁེལ་བྱས་པ་དང་། པེ་ཅིང་གི་དུས་ཚོད་ཚེས་བཅུ་བཞི་ཉིན་གྱི་ཞོགས་པའི་བར། ས་འགུལ་དེ་ལས་ཉུང་མཐར་ཡང་མི་བཞི་བརྒྱ་དང་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་བདུན་ལྷག་ལ་རྨས་ཕོག་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།