ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་དང་ཨ་མེ་རི་ཁས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འགེབས་སྲུང་བྱས་པར་སྐྱོན་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པས་འུ་ཐུག་ཐབས་ཟད་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སི་རི་ཡཱའི་ལཱ་ཁཱ་ནས་ཕྱིར་འཐེན་བྱེད་དུ་བཅུག་པར་རྒོལ་གཏམ་བཏང་།

ཐུར་ཁེའི་ཕྱི་འབྲེལ་པུའུ་ཡི་གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་སོ་སོས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་བསྐོར་བཅོམ་བྱེད་སྐབས། ཁུའུ་ཨར་ཏིའི་དྲག་ཆས་པ་གཙོ་བྱས་པའི་སི་རི་ཡཱའི་དམངས་གཙོའི་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་བར་གསང་བའི་གྲོས་མཐུན་བཀོད་དེ། རྩ་འཛུགས་དེའི་དྲག་ཆས་མི་སྣ་ལཱ་ཁཱ་ནས་ཕྱིར་འཐེན་བྱེད་དུ་བཅུག་པ་ནི་ནོར་འཆུག་གི་བྱ་སྤྱོད་ཅིག་རེད་ཟེར། གསལ་སྒྲོག་ལས་བསྟན་དོན། སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པའི་རེ་འདུན་ངོ་མ་ནི་དབྱི་སི་ལན་རྒྱལ་ཁབ་ལ་ཆམ་ཕབ་གཏོང་བ་མ་ཡིན་པར། ཁྲིམས་འགལ་གྱི་སྲིད་དབང་བཙུགས་ནས་ས་ཁོངས་སྔར་ལས་ཆེན་པོ་བཙན་བཟུང་བྱེད་རྩིས་རེད་ཟེར།

གསལ་སྒྲོག་ལས་ད་རུང་ཨ་མེ་རི་ཁའི་གོང་སྨྲས་གསང་བའི་གྲོས་མཐུན་ཐད་ཀྱི་ལན་ལ་ཡིད་འཕངས་པའི་ཚུལ་བསྟན། ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པས་ཚེས་བཅུ་གསུམ་ཉིན་བསྟན་དོན། ཕྱིར་འཐེན་གྲོས་མཐུན་དེ་ནི་ས་ཁོངས་རང་གི་ཐག་གཅོད་ཇུས་གཞི་ཞིག་ཡིན་པས། ཨ་མེ་རི་ཁས་དེར་བརྩི་འཇོག་བྱེད་ངེས་ཡིན་ཟེར།

ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། ཐུར་ཁེའི་ཙུང་ལི་ཡེ་ཨར་ཏི་ལེ་མུའུ་ཡིས་གྲོས་ཁང་ནས་གཏམ་བཤད་སྤེལ་སྐབས་བསྟན་དོན། འབྲེལ་ཡོད་ཕྱོགས་སོ་སོས་ཐལ་སྤྱོད་ཉེས་ཅན་ལ་འགེབས་སྲུང་བྱས་པ་ནི་བློ་ཡུལ་ལས་འདས་པའི་དོན་ཞིག་ཡིན་པ་དང་། མཚོན་ཆ་བཟུང་ནས་ཕྱིར་འཐེན་བྱས་པའི་ཐལ་སྤྱོད་ཉེས་ཅན་དེ་དག་གིས་འཛམ་གླིང་ཡོངས་ལ་ཉེན་ཁ་བཟོ་ངེས་རེད་ཟེར།

དབྱིན་ཇིའི་རྒྱང་སྒྲོག་ཀུང་ཟི་ཡིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། དམངས་གཙོ་དམག་དཔུང་དང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཟླ་བཅུ་བའི་ཟླ་དཀྱིལ་ལཱ་ཁཱའི་འཐབ་འཁྲུག་སྐབས་སུ་གྲོས་མཐུན་བཀོད་པ་དང་། ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་དང་དེ་དག་གི་ཁྱིམ་མིས་མཚོན་ཆ་བཟུང་ནས་ལཱ་ཁཱ་ནས་ཕྱིར་འཐེན་བྱེད་དུ་བཅུག་ཟེར། ཕྱིར་འཐེན་ལ་ཞུགས་པའི་དངོས་སྐྱེལ་རླངས་འཁོར་ཞིག་གི་ཁ་ལོ་བས་བཤད་རྒྱུར། རླངས་འཁོར་རུ་ཁག་ལ་དངོས་སྐྱེལ་རླངས་འཁོར་ལྔ་བཅུ་ཡོད་པ་དང་། འགྲུལ་སྐྱེལ་རླངས་འཁོར་བཅུ་གསུམ། སྒེར་གྱི་རླངས་འཁོར་བརྒྱ་ལྷག་ཡོད་ལ། མི་གྲངས་སྟོང་བཞི་ལྷག་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།