ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་གྱིས་འཇར་པན་བར་མཉམ་ལས་བྱས་ཏེ་ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་རྒྱུ་ཡིན་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་བར་སྣང་ཞིབ་འཇུག་རྩ་འཛུགས་ཀྱི་ཀྲུའུ་ཞི་ཁུའུ་མཱ་ཨར་གྱིས་ཚེས་བཅུ་བདུན་ཉིན་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་བར་སྣང་ཞིབ་འཇུག་ལས་ཁུངས་བར་གྱི་གླེང་སྟེགས་སྐབས་ཉེར་བཞི་བའི་སྟེང་བསྟན་དོན། རྒྱ་གར་གྱིས་འཇར་པན་དང་མཉམ་དུ་ཟླ་བའི་གོ་ལར་འཚོལ་ཞིབ་བྱད་པའི་འཆར་གཞི་ཞིག་ལ་གྲོས་བསྡུར་བྱེད་བཞིན་ཡོད་ཟེར།

ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་བར་སྣང་ཞིབ་འཇུག་ལས་ཁུངས་བར་གྱི་གླེང་སྟེགས་སྐབས་ཉེར་བཞི་བ་ཚེས་བཅུ་བཞིའི་ཉིན་ནས་ཚེས་བཅུ་བདུན་ཉིན་བར་རྒྱ་གར་གྱི་པིན་ཅཱ་ལུའུ་ལུའུ་གྲོང་ཁྱེར་ནས་སྤེལ། ཁུའུ་མཱ་ཨར་གྱིས་གླེང་སྟེགས་སྟེང་བསྟན་དོན། རྒྱ་གར་གྱིས་འཇར་པན་གྱི་ཞིབ་འཇུག་ལས་ཁུངས་བར་མཉམ་ལས་བྱེད་བཞིན་ཡོད་པ་དང་། ཉིན་ཞིག་ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་མཉམ་ལས་བདེ་བླག་ངང་སྤེལ་ཐུབ་ངེས་རེད་ཟེར།

དེའི་སྔོན་རྒྱ་གར་དང་འཇར་པན་གྱིས་ཟླ་བའི་གོ་ལའི་འཚོལ་ཞིབ་འཆར་གཞི་སྤེལ་མགོ་བརྩམས། འཇར་པན་གྱིས་ཉིས་སྟོང་བདུན་ལོར་ཟླ་བའི་ལྷ་མོ་རྟགས་ཅན་གྱི་ཟླ་བའི་གོ་ལའི་ཚད་འཇལ་འཁོར་སྐར་བདེ་བླག་ངང་གཏོང་འཕེན་བྱས་པ་དང་། རྒྱ་གར་གྱིས་ཀྱང་ཉིས་སྟོང་བརྒྱད་ལོར་ཟླ་གྲུ་དང་པོ་རྟགས་ཅན་གྱི་ཟླ་བའི་གོ་ལའི་ཚད་འཇལ་འཁོར་སྐར་གཏོང་འཕེན་བྱས་པར་མ་ཟད། ཟླ་བའི་གོ་ལའི་སྟེང་ཐོ་བརྒྱག་ཚད་འཇལ་དཔྱད་ཆས་ཀྱིས་བདེ་བླག་ངང་ཟླ་བའི་གོ་ལར་ཐོ་བརྒྱབ་སྟེ་ཚད་འཇལ་བྱས།

རྒྱ་གར་གསར་འགྱུར་ལས་རིགས་ཀྱིས་དབྱེ་ཞིབ་བྱས་པ་ལྟར་ན། རྒྱ་གར་གྱིས་ཟླ་གྲུ་དང་པོ་རྟགས་ཅན་གྱི་ལས་འགན་ལག་བསྟར་བྱེད་པར་མེ་སྒོར་བྱེ་བ་བརྒྱད་བཏང་བ་དང་། འཇར་པན་གྱིས་ཟླ་བའི་ལྷ་མོ་རྟགས་ཅན་གྱི་ལས་འགན་ལག་བསྟར་བྱེད་པར་མེ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བརྒྱད་བཏང་བ་རེད། དེ་བས་ཕྱོགས་གཉིས་ཀྱི་མཉམ་ལས་བྱེད་ཐབས་ནི་འཇར་པན་གྱིས་རྒྱ་གར་ལ་མ་དངུལ་སྔར་ལས་ཉུང་ངུ་བཏང་ནས་གྲུབ་འབྲས་ཆེན་པོ་ལོན་པའི་ཕན་འབྲས་ལ་སློབ་སྦྱོང་བྱེད་སྲིད་པ་དང་། རྒྱ་གར་གྱིས་མ་དངུལ་ཐད་ཀྱི་རྒྱབ་སྐྱོར་ཐོབ་པར་རེ་བས་ཁེངས་ཡོད་ཟེར།    །

 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།