ཀྲུང་གོ་བོད་ཀྱི་དྲ་བ།

སྐོར་ཐེངས་གསར་བའི་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་ཞི་བའི་གྲོས་མོལ་དེ་མཇུག་འབྲས་ཅི་ཡང་མ་བྱུང་བར་མཇུག་སྒྲིལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྐོར་ཐེངས་གསར་བའི་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་ཞི་བའི་གྲོས་མོལ་དེ་ཉིན་གཅིག་གིས་སྔ་སྣུར་གྱིས་ཚེས་བཅུ་བཞིའི་ཉིན་མཇུག་སྒྲིལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཏི་མུས་སི་ཐུའུ་ལཱ་ཡིས་བསྟན་དོན། འདས་པའི་གཟའ་འཁོར་གཉིས་ཀྱི་ནང་མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་འབད་བརྩོན་ཆེན་པོ་བྱས་ཀྱང་། ཞི་བའི་གྲོས་མོལ་ལ་སྔོན་ནས་རེ་བའི་གྲུབ་འབྲས་ཐོབ་མེད་ཟེར།

ཏི་མུས་སི་ཐུའུ་ལཱ་ཡིས་དགོང་མོ་དེར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་འཐུས་ཚབ་ཚོགས་པས་ཕན་ཚུན་གྱིས་གཏན་འཁེལ་དང་འགལ་བའི་སྒོ་ནས་སྔོན་འགྲོའི་ཆ་རྐྱེན་བཏོན་པས། སི་རི་ཡཱའི་མངའ་ཁོངས་ཀྱི་དམག་དོན་འགུལ་སྐྱོད་ཕལ་ཆེར་མཇུག་སྒྲིལ་བའི་གནས་ཚུལ་འོག ཞི་བའི་གྲོས་མོལ་ཕྱོགས་གཉིས་ཀྱི་ཞི་བའི་འཕེལ་རིམ་ལ་ཡར་སྐུལ་གཏོང་བའི་གོ་སྐབས་བཟང་བོ་ཞིག་ཤོར་དུ་བཅུག་པར་སྐྱོན་འཛུགས་བྱས།

ཏི་མུས་སི་ཐུའུ་ལཱ་ཡིས་བཤད་རྒྱུར། སྐོར་ཐེངས་འདིའི་ཞི་བའི་གྲོས་མོལ་ལ་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་ཐོག་དང་པོར་འཐུས་ཚབ་ཚོགས་པ་རྩ་འཛུགས་བྱས་ཏེ་གྲོས་མོལ་ལ་ཞུགས་པར་མ་ཟད། སི་རི་ཡཱའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པའི་བར་ཐད་ཀར་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན། ཡིན་ཡང་སི་རི་ཡཱའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པས་བལྟས་ན་ངོ་རྒོལ་ཕྱོགས་ཁག་གིས་ཙུང་ཐུང་པཱ་ཧྲ་ཨར་གྱིས་ངེས་པར་དུ་ལས་འགན་བསྐྱུར་དགོས་པའི་ལངས་ཕྱོགས་བརྟན་པོ་རྒྱུན་འཁྱོངས་བྱས་པ་ནི་ཞི་བའི་གྲོས་མོལ་ལ་སྔོན་ནས་ཆ་རྐྱེན་བཏོན་པ་ཡིན་པར་འདོད་དེ། སྐོར་ཐེངས་འདིའི་ཞི་བའི་གྲོས་མོལ་ཁྲོད་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་ལས་གཞན་པའི་གྲོས་གཞིར་གྲོས་བསྡུར་བྱེད་པར་ཁས་ལེན་མ་བྱས་པ་རེད་ཟེར།

ཏི་མུས་སི་ཐུའུ་ལཱ་ཡིས་གང་མགྱོགས་སྒོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་འབྲེལ་ཡོད་གནས་ཚུལ་སྙན་ཞུ་བྱེད་རྒྱུ་ཡིན་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ལྔའི་འཐུས་མིའི་བསམ་འཆར་བསྡུ་ལེན་བྱས་ཏེ། སི་རི་ཡཱའི་ཞི་བདེའི་འཕེལ་རིམ་ལ་ཡར་སྐུལ་གཏོང་བར་མུ་མཐུད་དུ་གསར་དུ་བཀོད་སྒྲིག་བྱེད་པར་སྟབས་བདེ་བཟོ་རྒྱུ་ཡིན་ཟེར།

སྐོར་ཐེངས་གསར་བའི་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་ཞི་བའི་གྲོས་མོལ་དེ་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་རི་ནེ་ཝ་ནས་སྤེལ་མགོ་བརྩམས་པ་དང་། ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན་གནས་སྐབས་སུ་མཚམས་བཞག་སྟེ། སི་རི་ཡཱའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པ་རྒྱལ་ནང་དུ་ལོག་ནས་ལངས་ཕྱོགས་མཐུན་སྦྱོར་བྱས། ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན་ཞི་བའི་གྲོས་མོལ་སླར་གསོ་བྱས་ཀྱང་། ཏི་མུས་སི་ཐུའུ་ལཱ་ཡིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་འཐུས་ཚབ་ཚོགས་པ་དང་མཉམ་དུ་གྲོས་མོལ་ཐེངས་འགའ་སྤེལ་ཡང་། སི་རི་ཡཱའི་འཐུས་ཚབ་ཚོགས་པ་དེ་ཚེས་བཅུའི་ཉིན་ད་གཟོར་རི་ནེ་ཝ་རུ་ཡོང་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།