ཨིག་ཀྭ་ཏོར་གྱིས་ཨ་སིང་ཆི་ལ་ཨིག་ཀྭ་ཏོར་སྤྱི་དམངས་ཀྱི་ཐོབ་ཐང་བསྩལ་བར་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨིག་ཀྭ་ཏོར་གྱི་ཕྱི་འབྲེལ་བློན་ཆེན་ཨེ་སི་ཕིས་ནོའུ་སཱ་ཡིས་ཚེས་བཅུ་གཅིག་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཨིག་ཀྭ་ཏོར་སྲིད་གཞུང་གིས་ན་ནིང་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན་ཝེ་ཅི་གསང་རྟོལ་དྲ་ཚིགས་ཀྱི་སྲོལ་འབྱེད་མཁན་ཨ་སིང་ཆི་ལ་ཨིག་ཀྭ་ཏོར་སྤྱི་དམངས་ཀྱི་ཐོབ་ཐང་བསྩལ་ཡོད་ཟེར།

ཨེ་སི་ཕིས་ནོའུ་སཱ་ཡིས་བསྟན་དོན། ཨ་སིང་ཆི་ཡིས་ན་ནིང་ཟླ་དགུ་བར་ཨིག་ཀྭ་ཏོར་ཕྱི་འབྲེལ་པུའུ་ལ་རེ་ཞུ་བཏོན་པ་ཡིན་ལ། ཨིག་ཀྭ་ཏོར་སྲིད་གཞུང་གིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་ཨིག་ཀྭ་ཏོར་རྒྱལ་ནང་གི་བཅའ་ཁྲིམས་ཀྱི་གཏན་འཁེལ་ལ་གཞིགས་ཏེ། ཨ་སིང་ཆི་ལ་ཨིག་ཀྭ་ཏོར་སྤྱི་དམངས་ཀྱི་ཐོབ་ཐང་སྩོལ་རྒྱུ་ཐག་བཅད། མོས་ནན་གྱིས་བསྟན་དོན། ཨིག་ཀྭ་ཏོར་གྱིས་སྲུང་སྐྱོབ་ཐེབས་པའི་མི་སྣར་རྒྱལ་ཁབ་རང་གི་ཐོབ་ཐང་སྟེར་བའི་དབང་ཆ་ཡོད་པ་དང་། དེ་གནད་དོན་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད་ཟེར།

ཨེ་སི་ཕིས་ནོའུ་སཱ་ཡིས་བདེན་དཔང་བྱས་དོན། ཨིག་ཀྭ་ཏོར་ཕྱི་འབྲེལ་པུའུ་ཡིས་ན་ནིང་ཟླ་བཅུ་གཉིས་པར་དབྱིན་ཇིའི་ཕྱི་འབྲེལ་པུའུ་ལ་རེ་ཞུ་སྤྲད་དེ། ཨ་སིང་ཆི་ལ་ཕྱི་འབྲེལ་མི་སྣའི་ཐོབ་ཐང་སྟེར་བའི་རེ་བ་བཏོན་ཡང་། དབྱིན་ཇི་ཡིས་དང་ལེན་མ་བྱས། དབྱིན་ཇིའི་བར་གྱི་འབྲེལ་བ་བཟང་བོར་བསམ་བློ་བཏང་སྟེ་ཨིག་ཀྭ་ཏོར་སྲིད་གཞུང་གིས་ཇུས་གཞི་དེ་བསྐྱུར་རྒྱུ་ཐག་བཅད་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་སུ་ཕྱོགས་གསུམ་པའི་འདུམ་འགྲིག་གི་ཐབས་ལ་བརྟེན་ནས་ཨ་སིང་ཆིའི་གནད་དོན་དེ་འདྲ་མཉམ་ལུགས་མཐུན་གྱིས་ཐག་གཅོད་བྱེད་པར་བརྩོན་ལེན་བྱས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།