ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡིས་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་གྲ་སྒྲིག་བྱས་མེད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་ཡིས་ཚེས་བཅུ་གཉིས་ཉིན་པུར་ཀ་རི་ཡཱའི་རྒྱལ་ས་སོ་ཧྥེ་ཡཱ་ནས་བསྟན་དོན། པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་གྲ་སྒྲིག་བྱས་མེད་པ་དང་། སྐབས་འདིའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གསར་བ་གང་ཡང་དང་ལེན་བྱེད་མི་སྲིད་ཟེར།

ཉིན་དེར་པུར་ཀ་རི་ཡཱའི་ཙུང་ལི་པའོ་ལི་སོ་ཧྥུའུ་དང་མཉམ་དུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་རོང་ཁི་ཡིས་བསྟན་དོན། པུར་ཀ་རི་ཡཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ། བྱ་བའི་གཙོ་གནད་དེ་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གནད་དོན་ཐད་བཞག་པར་བཟོད་སྒོམ་བྱེད་ཐུབ་ཀྱང་། སྐབས་འདིའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོར་འགན་ཡུན་མ་ལོངས་གོང་ཁོངས་གཏོགས་རྒྱལ་ཁབ་གསར་བ་དང་ལེན་བྱེད་པ་མི་སྲིད་ཟེར།

རོང་ཁི་ཡིས་བཤད་རྒྱུར། པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་དགོས་ངེས་ཀྱི་ཆ་རྐྱེན་བསྐང་མེད་པ་དང་། རྒྱལ་ཁབ་དེ་དག་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ངོས་ཟིན་བསྐྱར་སྒྲོག་བྱེད་པ་དེ་ཧ་ཅང་གལ་ཆེན་ཡིན། རྒྱུ་མཚན་ནི་ཡོ་རོབ་གླིང་མནའ་འབྲེལ་གྱིས་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་པ་གཞི་གཅིག་ཏུ་འདྲེས་པའི་རེ་བ་ཡོད་པ་ལས་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་བར་གྱི་མཉམ་འདྲེས་ཙམ་མ་ཡིན་ཟེར།

པའོ་ལི་སོ་ཧྥུའུ་ཡིས་བཤད་རྒྱུར། པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་རེ་འདོད་མངོན་གསལ་ཡིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ངོས་ཟིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་ལ། པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པ་ལས་ཡོ་རོབ་གླིང་མནའ་འབྲེལ་ལ་ཉེན་ཁ་བཟོ་མི་སྲིད་ཀྱང་། དངུལ་གཏོང་དང་གནས་སྐོར། རིག་གནས་མཉམ་འདྲེས། དམངས་ཁྲོད་འགྲོ་འོངས་བཅས་ཀྱི་ཐད་སྔར་ལས་འགྲན་རྩོད་སྔར་ལས་ཆེན་པོ་བསྐྲུན་སྲིད་ཟེར།

པུར་ཀ་རི་ཡཱ་ཧྲིན་ཀིན་གྲོས་མཐུན་ལ་ཞུགས་པའི་ཐད་ནས་རོང་ཁི་ཡིས་བཤད་རྒྱུར། པུར་ཀ་རི་ཡཱ་ཡིས་ཆ་རྐྱེན་ཡོད་ཚད་བསྐང་ཡང་། རྒྱལ་ཁབ་རེ་འགས་པུར་ཀ་རི་ཡཱ་ཞུགས་པར་བཀག་འགོག་བྱེད་བཞིན་ཡོད། གལ་ཏེ་དགོས་པ་ཡོད་ན་གནད་དོན་དེ་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ལ་སྤྲད་དེ་གྲོས་བསྡུར་བྱེད་དགོས་ཟེར།

རོང་ཁི་ཚེས་བཅུ་གཅིག་ཉིན་པུར་ཀ་རི་ཡཱ་རུ་འབྱོར་ཏེ། པུར་ཀ་རི་ཡཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་མཛད་སྒོར་ཞུགས། པུར་ཀ་རི་ཡཱ་ཡིས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བ་དང་། འགན་ཡུན་ནི་ལོ་དེའི་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་བར་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།