ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་མནའ་འབྲེལ་བཙུགས་ཏེ་འདེམ་བསྐོ་ཆེན་མོར་བསུ་བ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་ཚེས་བཅུ་བཞིའི་ཉིན་ཧྲི་ཡེ་ཕྱོགས་ཁག་གི་ཚོགས་ཁག་གཙོ་བོ་དང་མཉམ་དུ་འདེམ་བསྐོའི་མནའ་འབྲེལ་བཙུགས་ཏེ། མཉམ་དུ་ཟླ་ལྔ་བར་སྤེལ་རྒྱུ་ཡིན་པའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ལ་བསུ་བ་བྱས།

དབྱི་རག་གི་མིང་དུ་གྲགས་པའི་ཧྲི་ཡེ་ཕྱོགས་ཁག་གི་མི་སྣ་ལུའུ་པཱ་དབྱེ་ཡིས་ཚེས་བཅུ་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་པཱ་ཏིས་ཀྱིས་མགོ་ཁྲིད་པའི་རྒྱལ་ཁའི་མནའ་འབྲེལ་དང་ཨ་མུས་ལི་ཡིས་མགོ་ཁྲིད་པའི་ཧྲི་ཡེ་ཕྱོགས་ཁག་གི་ཆབ་སྲིད་ཚོགས་ཁག་ཧྥ་ཐཱ་ཧི་མནའ་འབྲེལ་གྱིས་ཉིན་དེར་འདེམ་བསྐོའི་མཉམ་ལས་གྲོས་མཐུན་བཀོད་ཟེར།

ལུའུ་པཱ་དབྱེ་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་རྩ་འཛུགས་བྱས་པའི་འདེམ་བསྐོའི་ཚོགས་ཁག་ལ་དབྱི་རག་རྒྱལ་ཁའི་མནའ་འབྲེལ་ཞེས་པའི་མིང་འདོགས་རྒྱུ་ཡིན་ཟེར།

ཨ་པཱ་ཏིས་ཀྱིས་ཉིས་སྟོང་བཅུ་བཞི་ལོར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁ་དར་བའི་སྐབས་སུ་དབྱི་རག་གི་ཙུང་ལིའི་འགན་ཁུར་བ་དང་། དེའི་རྗེས་སུ་དབྱི་རག་དམག་དཔུང་ལ་ཡང་བསྐྱར་ལེགས་སྒྲིག་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཆམ་ལ་ཕབ་པ་དང་ཐལ་སྤྱོད་རྩ་འཛུགས་ཀྱིས་ཚོད་འཛིན་བྱེད་པའི་ས་ཁུལ་ཕྱིར་འཕྲོག་ལེན་བྱས། ཨ་མུས་ལི་ལ་དབྱི་རག་གི་ཧྲི་ཡེ་ཕྱོགས་ཁག་གི་མང་ཚོགས་ཁྲོད་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པ་དང་། ཁོས་མགོ་ཁྲིད་པའི་པཱ་ཏི་ཨར་སྟོང་ཤོག་ནི་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་མི་དམངས་སྐུལ་སློང་རྩ་འཛུགས་ཀྱི་སྟོབས་ཤུགས་གཙོ་བོ་ཡིན་ལ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འཐབ་རྩོད་ནང་ཞུགས་མྱོང་།

ཨ་པཱ་ཏིས་ནི་ཏཱ་ཝ་ཏང་གི་ཁོངས་མི་ཡིན་པ་དང་། ཏང་དེ་ནི་ཧྲི་ཡེ་ཕྱོགས་ཁག་གི་སྲིད་ཏང་ཞིག་ཡིན། ཨ་པཱ་ཏིས་ཀྱིས་ཚེས་བཅུ་གསུམ་ཉིན་རྒྱལ་ཁའི་མནའ་འབྲེལ་འཛུགས་རྒྱུ་ཁྱབ་སྒྲོག་བྱས་པ་དང་། དེ་ནི་ཆོས་ལུགས་ཀྱི་གྲུབ་མཐའི་ཁོངས་ལས་བརྒལ་བའི་ཆབ་སྲིད་རྩ་འཛུགས་ཤིག་ཡིན་པར་ཁས་ལེན་བྱས་ཡོད་ལ། གྲུབ་མཐའ་སོ་སོའི་མི་སྣ་རྩ་འཛུགས་དེར་ཞུགས་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།