ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་སྲིད་གཞུང་གིས་ཕྱོགས་ཡོངས་ནས་དབྱི་སི་རལ་བར་གྱི་འབྲེལ་འདྲིས་མཚམས་འཇོག་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་ཚེས་གསུམ་ཉིན་གྱི་དགོང་མོར་ཆོད་དོན་སྤེལ་ཏེ། རྩ་འཛུགས་དེའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་དངོས་འབེབ་བྱས་ནས། ཕཱ་ལེ་སི་ཐན་སྲིད་གཞུང་གིས་མྱུར་མོར་དབྱི་སི་རལ་བར་གྱི་འབྲེལ་འདྲིས་མཚམས་འཇོག་དགོས་པའི་རེ་བ་བཏོན།

ཉིན་དེའི་དགོང་མོར། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་ལཱ་མུའུ་ཨན་ལཱ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས་གྲོས་ཚོགས་བསྡུས་ཏེ། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། གྲོས་ཚོགས་མཇུག་སྒྲིལ་རྗེས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལས་བསྟན་དོན། ལག་བསྟར་ཨུ་ཡོན་ལྷན་ཁང་གིས་མཐོ་རིམ་ཨུ་ཡོན་ལྷན་ཁང་རྩ་འཛུགས་བྱས་ནས་སྲིད་གཞུང་གིས་མྱུར་མོར་དབྱི་སི་རལ་བར་གྱི་ཆབ་སྲིད་དང་དོ་དམ། དཔལ་འབྱོར། བདེ་འཇགས་བཅས་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་མཚམས་འཇོག་པར་སྐུལ་མ་གཏོང་རྒྱུ་ཐག་བཅད། དབྱི་སི་རལ་ཕྱོགས་ཀྱིས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་རྒྱལ་མཚམས་རྨང་གཞིར་བྱས་པའི་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་པ་དང་ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱེད་པའི་འདོད་བློ་བསྐྱུར་བ། ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་དུ་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་འཛུགས་སྐྲུན་བྱེད་མཚམས་འཇོག་པའི་བར་དུ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཟེར།

སྤྱི་སྒྲོག་ལས་ནན་གྱིས་བསྟན་དོན། ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁེ་དབང་དང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་བྱེད་མི་རུང་། ཨ་མེ་རི་ཁའི་སྲིད་གཞུང་གིས་གནད་དོན་དེའི་ཐད་ནས་ཕཱ་ལེ་སི་ཐན་ཕྱོགས་ལ་འཇིགས་སྐུལ་བྱེད་མི་རུང་བ་དང་། ཨ་མེ་རི་ཁས་འོལ་ཚོད་ཀྱིས་དབྱི་སི་རལ་ལ་འགེབས་སྲུང་བྱེད་པའི་བྱེད་ཐབས་མཚམས་འཇོག་དགོས་ཟེར།

ཕཱ་ལེ་སི་ཐན་ཕྱོགས་ཀྱིས་བསྐྱར་སྒྲོག་བྱས་དོན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་རྒྱལ་སྤྱིའི་སྒྲིག་སྲོལ་ལ་འགལ་བའི་སྒོ་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་རྩོད་གླེང་ཐག་གཅོད་བྱེད་པའི་ཐག་གཅོད་ཇུས་གཞི་བཙན་གྱིས་ལག་བསྟར་བྱེད་པ་དང་ལེན་བྱེད་མི་སྲིད་ལ། ཨ་མེ་རི་ཁའི་སྲིད་གཞུང་གིས་ཕཱ་ལེ་སི་ཐན་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པ་དང་། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཨ་མེ་རི་ཁས་རོགས་སྐྱོར་མཚམས་འཇོག་པའི་འཇིགས་ཉེན་དབང་གིས་མཐུན་སྦྱོར་བྱེད་མི་སྲིད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།