ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་དང་ཉེན་རྟོག་པ་སོགས་མི་འགྱངས་པར་ལི་པུ་ཡཱ་ནས་ཕྱིར་འཐེན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལི་པུ་ཡཱ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཚོགས་པས་ཚེས་ལྔ་ཉིན་ལི་པུ་ཡཱའི་རྒྱལ་ས་མིན་ལོ་ཝེ་ཡཱ་ནས་གྱེས་ཕྱག་འབུལ་བའི་མཛད་སྒོ་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་དང་ཉེན་རྟོག་པ་སོགས་མི་འགྱངས་པར་ཟླ་གསུམ་པའི་ཟླ་མཇུག་ལ་བསྟུད་མར་ལི་པུ་ཡཱ་དང་འབྲལ་རྒྱུ་ཁྱབ་སྒྲོག་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་དམིགས་བསལ་འཐུས་མི་ཀྲ་ལི་ཧྥུའུ་ཡིས་ཞུ་ཚིག་འབུལ་སྐབས་ལི་པུ་ཡཱ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཚོགས་པའི་དམག་དཔུང་དང་ཉེན་རྟོག་པས་ལོ་ངོ་བཅུ་བཞིའི་རིང་འབད་འབུངས་བྱས་པར་ཁས་ལེན་དང་གདེང་འཇོག་མཐོན་པོ་བྱས། ཁོས་བཤད་རྒྱུར། ཁོ་ཚོས་བཞག་པའི་བྱས་རྗེས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཁྱོད་ཚོས་ལི་པུ་ཡཱའི་མི་དམངས་དང་མཉམ་དུ་རྒྱལ་ཁབ་འདིའི་ལོ་ངོ་བཅུ་བཞིའི་རིང་གི་ཞི་བདེ་དང་གཏན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱས་པ་རེད། ཁྱོད་ཚོས་གཟི་བརྗིད་ཀྱི་རེ་བསྙེག་དང་ཆེད་ལས་ཀྱི་རྣམ་འགྱུར་གྱིས་ལི་པུ་ཡཱའི་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་ཡོད་ཟེར།

ལི་པུ་ཡཱའི་ཙུང་ཐུང་ཝེ་ཨ་ཡིས་ཞུ་ཚིག་འབུལ་སྐབས་ལི་པུ་ཡཱ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཚོགས་པའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་དང་ཉེན་རྟོག་པ། ཁོ་ཚོའི་ཁྱིམ་མི་བཅས་ལ་བླ་མེད་ཀྱི་གུས་འདུད་བྱས་པར་མ་ཟད། ལི་པུ་ཡཱ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཚོགས་པས་དུས་ཡུན་རིང་བོར་ལི་པུ་ཡཱ་ལ་རོགས་རམ་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།