ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་པའི་མི་སྒེར་གསུམ་དང་ཚོགས་ཁག་གསུམ་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཛམ་གླིང་ཡོངས་ཀྱི་རྒྱབ་སྐྱོར་དྲ་རྒྱར་ཆམ་ཕབ་གཏོང་བ་རྒྱུ་མཚན་དུ་བྱས་ཏེ། མི་སྒེར་གསུམ་དང་ཚོགས་ཁག་གསུམ་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་བཀག་སྡོམ་ནི་གཙོ་བོ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཨེ་ཤ་ཡཱ་ཤར་ལྷོ་དང་དབུས་ཤར། ཨ་ཧྥེ་རི་ཁ་གླིང་བཅས་ས་ཁུལ་གྱི་རྒྱབ་སྐྱོར་མཁན་ལ་དམིགས་པ་ཡིན་ལ། དེ་ནི་ཨ་མེ་རི་ཁའི་སྲིད་གཞུང་གིས་མུ་མཐུད་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་རྒྱབ་སྐྱོར་མཁན་ངོས་འཛིན་དང་ཐེར་འདོན་བྱེད་པའི་འགུལ་སྐྱོད་ཀྱི་ཁག་ཅིག་རེད།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡི་འཇིགས་སྐུལ་ངོ་རྒོལ་དང་དངུལ་ལོར་གསང་འཕྲིན་ལས་དོན་གྱི་འགན་ཁུར་བའི་པུའུ་ཀྲང་གཞོན་པ་མན་ཏི་ཨར་ཁི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཐེངས་འདིར་བཀག་སྡོམ་ཐེབས་པའི་མི་སྒེར་དང་ཚོགས་ཁག་ཚང་མ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ས་ཁུལ་སོ་སོའི་འཇིགས་སྐུལ་རིང་ལུགས་ཀྱི་ཤུགས་རྐྱེན་རྒྱ་བསྐྱེད་པའི་བྱ་འགུལ་ནང་ཞུགས་མྱོང་བ་དང་། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་མུ་མཐུད་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་རྒྱབ་སྐྱོར་དྲ་རྒྱར་ཆམ་ཕབ་བཏང་སྟེ། ཨ་མེ་རི་ཁ་དང་རྒྱལ་སྤྱིའི་དངུལ་ལོར་མ་ལག་དེ་འཇིགས་སྐུལ་ཉེས་ཅན་གྱིས་བེད་སྤྱོད་མི་གཏོང་བར་ཁག་ཐེག་བྱ་དགོས་ཟེར།

འབྲེལ་ཡོད་ཀྱི་གཏན་འཁེལ་ལྟར་ན། བཀག་སྡོམ་ཐེབས་པའི་མི་སྒེར་དང་ཚོགས་ཁག་གི་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་ཉར་འཇོག་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་དེ་དག་བར་ཉོ་ཚོང་བྱེད་མི་རུང་བ་རེད།

ཟླ་འདིའི་ཚེས་བདུན་ཉིན། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཨེ་ཤ་ཡཱ་ལྷོ་ཕྱོགས་ས་ཁུལ་གྱི་འཇིགས་སྐུལ་རིང་ལུགས་ཀྱི་རྒྱབ་སྐྱོར་དྲ་རྒྱར་ཆམ་ཕབ་གཏོང་བ་རྒྱུ་མཚན་དུ་བྱས་ཏེ། མི་སྒེར་གསུམ་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།