ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པས་དབྱི་རག་གི་བཞི་ཆའི་གཅིག་གི་བྱིས་པས་དབུལ་ཕོངས་ཀྱི་དཀའ་སྡུག་མྱོང་བཞིན་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཉིས་སྟོང་བཅུ་བཞི་ལོའི་ཚུན་ལ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་བསླངས་པའི་འཐབ་འཁྲུག་ལས་དབྱི་རག་མངའ་ཁོངས་ཀྱི་བཞི་ཆའི་གཅིག་གི་བྱིས་པའི་འཚོ་བ་དབུལ་ཕོངས་ཀྱི་གནས་སུ་ལྷུང་དུ་བཅུག་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། མིག་སྔར་དབྱི་རག་གི་བྱིས་པ་ས་ཡ་གསུམ་དང་འབུམ་བདུན་འཐབ་འཁྲུག་དབང་གིས་དབུལ་ཕོངས་ཀྱི་གནས་སུ་ལྷུང་ཡོད་པ་དང་། ཁ་གྲངས་དེས་དབྱི་རག་རྒྱལ་ནང་གི་བྱིས་པའི་སྤྱི་གྲངས་ཀྱི་བཞི་ཆའི་གཅིག་ཟིན་ཡོད། གཞན་ཡང་བྱིས་པ་ས་ཡ་གསུམ་ལྷག་གིས་འཐབ་འཁྲུག་དབང་གིས་རྒྱུན་ལྡན་གྱི་སློབ་གསོ་མྱོང་ཐུབ་མེད་པ་དང་། བྱིས་པ་མི་ཉུང་བ་ཞིག་དབུལ་ཕོངས་དབང་གིས་སློབ་གྲྭར་འགྲོ་བའི་སྐལ་བ་མེད་པར་གྱུར་ཡོད།

བྱིས་པའི་ཐེབས་རྩ་ཚོགས་པས་ཁྱབ་སྒྲོག་བྱས་པའི་གྲངས་ཁ་ལྟར་ན། ཉིས་སྟོང་བཅུ་བཞི་ལོའི་ཚུན་ལ། དབྱི་རག་ནས་སློབ་གསོའི་སྒྲིག་ཆས་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་ཐེངས་བརྒྱ་དང་ལྔ་བཅུ་བྱུང་བ་དང་། འཕྲོད་བསྟེན་སྒྲིག་ཆས་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་ཐེངས་ལྔ་བཅུ་བྱུང་ཡོད། མིག་སྔར། དབྱི་རག་མངའ་ཁོངས་ཀྱི་སློབ་གྲྭ་ཕྱེད་ཀ་ཙམ་བསྐྱར་ལས་བྱེད་དགོས་པར་འདུག བྱིས་པའི་ཐེབས་རྩ་ཚོགས་པས་ད་རུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གང་མགྱོགས་སྒོས་དབྱི་རག་ལ་རོགས་རམ་བྱས་ཏེ་བྱིས་པར་མཁོ་བའི་རྨང་གཞིའི་སྒྲིག་ཆས་བསྐྱར་འཛུགས་བྱས་ནས་རྒྱལ་ཁབ་དེའི་བྱིས་པར་སྤྱི་བའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་བཞིའི་ཉིན་བར། དབྱི་རག་བསྐྱར་འཛུགས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་ཁི་ཝེ་ཐི་ནས་འཚོག་རྒྱུ་ཡིན་པ་དང་། དེ་ནི་དབྱི་རག་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་ཁ་བླངས་རྗེས་སུ་སྤེལ་བའི་དབྱི་རག་བསྐྱར་འཛུགས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་ཐོག་མ་ཡིན་པ་རེད། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་བདུན་ཅུ་ལྷག་གི་མཐོ་རིམ་འཐུས་མི་དང་འཛམ་གླིང་དངུལ་ཁང་སོགས་རྒྱལ་སྤྱིའི་རྩ་འཛུགས། ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་དགུ་བརྒྱ་དང་ལྔ་བཅུ་ཙམ་བཅས་གྲོས་ཚོགས་ལ་ཞུགས་ཏེ་དབྱི་རག་གི་བསྐྱར་འཛུགས་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།