ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་སི་རི་ཡཱའི་ཨ་ཧྥུའུ་ལིན་ས་ཁུལ་དུ་དམིགས་བསལ་དམག་དཔུང་མངག་གཏོང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ལི་གཞོན་པ་པའོ་ཚི་ཏཱ་ཡིས་ཚེས་ཉེར་དྲུག་ཉིན་བསྟན་དོན། ཐུར་ཁེའི་དམིགས་བསལ་དམག་དཔུང་སི་རི་ཡཱའི་ཨ་ཧྥུའུ་ལིན་ས་ཁུལ་དུ་བཅའ་སྡོད་བྱས་ཡོད་པ་དང་། མི་འགྱངས་པར་མགོ་རྩོམ་རྒྱུ་ཡིན་པའི་གྲོང་ཁྱེར་གྱི་འཐབ་འཁྲུག་ལ་གྲ་སྒྲིག་བྱེད་བཞིན་ཡོད།

པའོ་ཚི་ཏཱ་ཡིས་ས་དེའི་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཐུར་ཁེའི་དམག་དཔུང་གིས་འདིའི་རྗེས་སུ་མི་གྲངས་མང་བོ་འདུས་སྡོད་བྱེད་སའི་ཨ་ཧྥུའུ་ལིན་དཀྱིལ་དབུས་ས་ཁུལ་དུ་དཔུང་འཇུག་བྱེད་རྒྱུ་ཡིན་ཞིང་། དམིགས་བསལ་དམག་དཔུང་ལ་གྲོང་ཁྱེར་ནས་འཐབ་འཁྲུག་བྱེད་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པས། འཐབ་འཁྲུག་ཁྲོད་མི་སེར་དཀྱུས་མར་རྨས་སྐྱོན་ཕོག་པར་སྔོན་འགོག་བྱེད་ཐུབ་ཟེར།

ཐུར་ཁེའི་དམག་དཔུང་གིས་མིག་སྔར་ཨ་ཧྥུའུ་ལིན་ས་ཁུལ་གྱི་བྱང་ངོས་དང་ནུབ་ངོས་བདག་བཟུང་བྱས་ཡོད་པ་དང་། སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་གིས་ཚོད་འཛིན་བྱེད་པའི་ས་ཁུལ་དང་ཐུར་ཁེའི་སྐམ་ལམ་གྱི་འབྲེལ་ཐག་བཅད་ཡོད་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།