ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁས་རྣོ་ལྕགས་དང་ཧ་ཡང་གི་སྒོ་ཁྲལ་ཇེ་མང་དུ་བཏང་བར་དམིགས་ནས་ངོ་རྒོལ་བྱེད་ཐབས་འདོན་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

862ec4f5ba3541edd9a2e0fb185a8d82.jpg

ཟླ་གསུམ་པའི་ཚེས་བདུན་ཉིན། པུ་ལི་ཧྲིའི་པུའུ་ལུའུ་སེར་ཡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས། ཡོ་རོབ་གླིང་མནའ་འབྲེལ་ཉོ་ཚོང་ཨུ་ཡོན་མཱ་ཨར་མུའུ་སི་ཐི་ལོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་བདུན་ཉིན་རྒྱུན་ལྡན་གྱི་གྲོས་ཚོགས་བསྡུས་རྗེས་ཁྱབ་སྒྲོག་བྱས་དོན། ཉིན་དེའི་གྲོས་ཚོགས་ནས་ཨ་མེ་རི་ཁས་རྣོ་ལྕགས་དང་ཧ་ཡང་གི་སྒོ་ཁྲལ་ཇེ་མང་དུ་བཏང་བར་དམིགས་པའི་ངོ་རྒོལ་བྱེད་ཐབས་འདོན་པའི་གྲོས་གཞིར་གྲོས་བསྡུར་བྱས་ཏེ་གྲོས་འཆམ་བྱུང་ཡོད་ཟེར།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་སྤྱི་སྒྲོག་སྤེལ་ཏེ། གྲོས་གཞི་དེ་ནི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་དང་ཀྲུའུ་ཞི་གཞོན་པ་ཁཱ་ཐེ་ཉིན། ཡོ་རོབ་གླིང་མནའ་འབྲེལ་ཉོ་ཚོང་ཨུ་ཡོན་མཱ་ཨར་མུའུ་སི་ཐི་ལོན་བཅས་ཀྱིས་མཉམ་དུ་བཏོན་པ་ཡིན། གལ་ཏེ་ཨ་མེ་རི་ཁས་ནང་འདྲེན་བྱེད་པའི་རྣོ་ལྕགས་དང་ཧ་ཡང་ཐོན་རྫས་ལ་སྒོ་ཁྲལ་ཁ་སྣོན་བྱེད་པའི་བྱེད་ཐབས་དངོས་སུ་ཁྱབ་གདལ་དུ་གཏོང་བར་ཁྱབ་སྒྲོག་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་ཁེ་ཕན་ལ་ཤུགས་རྐྱེན་ཐེབས་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁའི་བྱ་སྤྱོད་དང་མཐུན་ཞིང་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་འཚམ་པའི་རྒོལ་ལན་སྤྲོད་རྩིས་ཡོད་ཟེར།

མཱ་ཨར་མུའུ་སི་ཐི་ལོན་གྱིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཨ་མེ་རི་ཁས་སྒོ་ཁྲལ་ཇེ་མང་དུ་གཏོང་བའི་བྱེད་ཐབས་དེས་ཡོ་རོབ་གླིང་མནའ་འབྲེལ་གྱི་ལས་ཞུགས་གོ་སྐབས་ཁྲི་སྟོང་མང་བོར་འཇིགས་ཉེན་ཐེབས་སྲིད་པས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ངེས་པར་དུ་འགུལ་སྐྱོད་ནུས་ལྡན་སྤེལ་དགོས། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྔར་བཞིན་ཨ་མེ་རི་ཁའི་ཐེངས་འདིའི་སྒོ་ཁྲལ་བསྡུ་བའི་མིང་ཐོའི་ནང་ཚུད་མེད་པར་རེ་བཞིན་ཡོད། ཁོ་མོས་བཤད་རྒྱུར། སྲུང་སྐྱོབ་རིང་ལུགས་ནི་ཡང་དག་པའི་ཐག་གཅོད་བྱེད་ཐབས་ཤིག་མིན་ཟེར།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།