ཀྲུང་གོ་བོད་ཀྱི་དྲ་བ།

པུར་ཀ་རི་ཡཱ་དང་ཁཱ་ཐར་གྱིས་མཉམ་ལས་རྒྱ་བསྐྱེད་པར་འཚོལ་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པུར་ཀ་རི་ཡཱའི་ཙུང་ཐུང་ལཱ་ཏི་ཧྥུའུ་དང་འཚམས་འདྲིར་ཡོང་བའི་ཁཱ་ཐར་གྱི་མགོ་གཙོ་ཐཱ་མུའུ་མུའུ་གཉིས་ཀྱིས་ཚེས་བརྒྱད་ཉིན་སོ་ཧྥེ་ཡཱ་གྲོས་མོལ་བྱས་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བར་བརྩོན་ལེན་བྱེད་རྒྱུ་རེད།

པུར་ཀ་རི་ཡཱའི་ཙུང་ཐུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས། རྒྱལ་ཁབ་གཉིས་ཀྱི་ཞིང་ལས་དང་ནུས་ཁུངས། ཚན་རྩལ། སློབ་གསོ། ལུས་རྩལ། གནས་སྐོར། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མདུན་ལྗོངས་རྒྱ་ཆེ་བ་དང་། རྒྱལ་ཁབ་གཉིས་ཀྱིས་སོ་སོར་ཞིང་ལས་ཐོན་སྐྱེད་དང་དངུལ་གཏོང་ནང་འགུག གྲུ་ཁའི་འཛུགས་སྐྲུན། འགྲིམ་འགྲུལ་སྒྲིག་ཆས་ཀྱི་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་རྒྱུ་རེད།

གསར་འགྱུར་སྤྱི་སྒྲོག་ལས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། པུར་ཀ་རི་ཡཱ་ཡིས་མུ་མཐུད་དུ་ས་ཁུལ་གྱི་གནས་བབ་གཏན་འཇགས་ཡོང་བ་དང་ཆབ་སྲིད་གྲོས་མོལ་ལ་ཡར་སྐུལ་གཏོང་བའི་རྒྱལ་སྤྱིའི་སྐུལ་ལྕག་ལ་རྒྱབ་སྐྱོར་བྱེད་པ་དང་། ཞི་བའི་གྲོས་མོལ་དང་ཕྱི་འབྲེལ་བར་འདུམ་ལ་བརྟེན་ནས་འགལ་བ་ཞི་འཇགས་སུ་གཏོང་བ་དང་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།

ཐཱ་མུས་མུའུ་ཡིས་ཉིན་དེར་ད་རུང་པུར་ཀ་རི་ཡཱའི་ཙུང་ལི་པའོ་ལི་སོ་ཧྥུའུ་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་དང་སློབ་གསོ། ན་གཞོན། ལུས་རྩལ་བཅས་ཀྱི་མཉམ་ལས་བཟོད་སྒོམ་བརྗེད་ཐོ་འགོད་པའི་མཛད་སྒོར་ཞུགས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་སྡེ་ཁག་གིས་ད་དུང་མཉམ་འབྲེལ་བཟོ་ཚོང་ཨུ་ཡོན་ལྷན་ཁང་འཛུགས་པའི་གྲོས་མཐུན་བཀོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།