ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་དམག་དཔུང་གིས་ཕཱ་ལེ་སི་ཐན་གྱི་ན་གཞོན་གཅིག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཚེས་བཅུའི་ཉིན་ཁྱབ་སྒྲོག་བྱས་དོན། ཕཱ་ལེ་སི་ཐན་གྱི་ན་གཞོན་གཅིག་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ནཱ་པུའུ་ལུའུ་སི་གྲོང་ཁྱེར་ཉེ་འདབས་ནས་དབྱི་སི་རལ་གྱི་དམག་མིས་མེ་མདས་བརྒྱབ་སྟེ་བསད་ཟེར།

ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ལོ་བཅུ་དགུ་ཡིན་པའི་ཕཱ་ལེ་སི་ཐན་གྱི་ན་གཞོན་དེ་ནཱ་པུའུ་ལུའུ་སིའི་ལྷོ་ངོས་ཀྱི་སྡེ་བ་ཞིག་ནས་དབྱི་སི་རལ་གྱི་དམག་མིས་མེ་མདས་བརྒྱབ་སྟེ། སྨན་ཁང་དུ་བསྐྱལ་རྗེས་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར་བ་རེད།

ཕཱ་ལེ་སི་ཐན་གྱི་བདེ་འཇགས་མི་སྣས་གསར་འགོད་པར་བཤད་རྒྱུར། ཡིའུ་ཐེ་བའི་གཏན་སྡོད་མཁན་རེ་འགའ་ཉིན་དེར་སྡེ་བ་དེར་སོང་བར་ས་དེའི་ཕཱ་ལེ་སི་ཐན་གྱི་ན་གཞོན་གྱིས་བཀག་འགོག་བྱས་པ་དང་། ཕྱོགས་གཉིས་བར་འཁྲུག་རྩོད་བྱུང་། དེའི་རྗེས་སུ་དབྱི་སི་རལ་གྱི་དམག་མི་སྡེ་བ་དེར་ཡོང་ནས་མེ་མདས་བརྒྱག་སྐབས་ཕཱ་ལེ་སི་ཐན་གྱི་ན་གཞོན་གཅིག་གི་བྲང་ཁར་མེ་མདའ་ཕོག་པ་རེད་ཟེར།

དེ་ནི་དབྱི་སི་རལ་གྱི་དམག་མིས་ཉིན་གཉིས་ཀྱི་རིང་བསད་པའི་ཕཱ་ལེ་སི་ཐན་གྱི་མི་གཉིས་པ་རེད། ཚེས་དགུའི་ཉིན་ཕཱ་ལེ་སི་ཐན་གྱི་མི་རེ་འགས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཞི་པའོ་ལོན་གྲོང་ཁྱེར་དུ་ངོ་རྒོལ་བྱ་འགུལ་སྤེལ་སྐབས། དབྱི་སི་རལ་གྱི་དམག་མིའི་བར་འཁྲུག་རྩོད་བྱུང་། དབྱི་སི་རལ་གྱི་དམག་མིས་ངོ་རྒོལ་མི་ཚོགས་ལ་མེ་མདས་བརྒྱབ་སྟེ། ལོ་ཉེར་བཞི་ཡིན་པའི་ཕཱ་ལེ་སི་ཐན་གྱི་མི་གཅིག་ལ་རྨས་ཕོག རྨས་མ་དེའི་རྨས་སྐྱོན་ཧ་ཅང་ཚབས་ཆེན་ཡིན་པས། སྨན་ཁང་དུ་བསྐྱལ་རྗེས་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར་བ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།