ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨུ་རུ་སི་ཡིས་དབྱིན་ཇིའི་ཕྱི་འབྲེལ་དཔོན་པོ་མཐར་སྐྲོད་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་དབྱིན་ཇིའི་ཕྱི་འབྲེལ་དཔོན་པོ་མཐར་སྐྲོད་བཏང་སྟེ། དབྱིན་ཇིའི་ཕྱོགས་ཀྱིས་ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་མཐར་སྐྲོད་གཏོང་བར་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར། ཁོས་བྱེ་བྲག་གི་དུས་ཚོད་དང་མཐར་སྐྲོད་གཏོང་བའི་མི་གྲངས་གསལ་བོར་བཤད་མེད།

ཨ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཧཱ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐཱ་ནཱ་རུ་འཚམས་འདྲི་བྱེད་སྐབས་བཅར་འདྲི་དང་ལེན་བྱས་ཏེ། དབྱིན་ཇི་ཕྱོགས་ཀྱིས་ཨུ་རུ་སིའི་ཕྱི་འབྲེལ་མི་སྣ་མཐར་སྐྲོད་བཏང་བའི་བྱེད་ཐབས་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པར་བསྟན།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་ཡིས་ཚེས་བཅུ་བཞིའི་ཉིན་ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་ཉེར་གསུམ་མཐར་སྐྲོད་བཏང་སྟེ། ཨུ་རུ་སིའི་སྔོན་ཆད་ཀྱི་གསང་མྱུལ་བ་སི་ཁི་ལི་ཕཱ་ཨར་དང་དེའི་བུ་མོ་དབྱིན་ཇི་ནས་དུག་དྲངས་ཏེ་གསོད་རྩིས་བྱས་པར་འཁོན་ལན་སློག་རྒྱུ་ཁྱབ་སྒྲོག་བྱས་པ་རེད།

སི་ཁི་ལི་ཕཱ་ཨར་གྱིས་ཨུ་རུ་སིའི་གསང་འཕྲིན་སྡེ་ཁག་ཏུ་བྱ་བ་བྱེད་སྐབས་དབྱིན་ཇིའི་གསང་མྱུལ་བའི་འགན་ཁུར་ཡོད་པ་དང་། ཕ་བུ་གཉི་ག་ཚེས་བཞིའི་ཉིན་དབྱིན་ཇིའི་ལྷོ་ཕྱོགས་ཀྱི་ཝེ་ཨར་ཐི་རྫོང་གི་སོ་ཨར་ཙི་པའོ་ལི་གྲོང་ཁྱེར་གྱི་སྲང་ལམ་ནས་དབང་ཚོར་ཉམས་པ་རེད། དབྱིན་ཇིའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཁོ་གཉིས་ལ་དབང་རྩའི་དུག་ཕོག་པར་བཤད་པ་དང་། དབྱིན་ཇིའི་ཕྱོགས་ཀྱིས་ཨུ་རུ་སིའི་སྲིད་གཞུང་དུག་ཕོག་པའི་དོན་རྐྱེན་དེར་འབྲེལ་བ་ཡོད་པར་ངོས་འཛིན་བྱས་ཡོད་ལ། ཨ་མེ་རི་ཁ་དང་ཧྥ་རན་སི། འཇར་མན་བཅས་ཀྱིས་དབྱིན་ཇི་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།

ཨུ་རུ་སིའི་ཕྱོགས་ཀྱིས་དོན་དེར་འབྲེལ་བ་ཡོད་པ་ཁས་ལེན་མ་བྱས་པ་དང་། དབྱིན་ཇིའི་ཕྱོགས་ཀྱིས་རྟོག་ཞིབ་མི་སྣས་རྙེད་པའི་དུག་རྫས་ཀྱི་མ་དཔེ་མཉམ་སྤྱོད་བྱས་ཏེ་མཉམ་འབྲེལ་གྱིས་རྟོག་ཞིབ་བྱེད་པར་སྟབས་བདེ་བཟོ་དགོས་པའི་འབོད་སྐུལ་བཏང་ཡང་དབྱིན་ཇིའི་ཕྱོགས་ཀྱིས་ཁས་ལེན་མ་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།