ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་རྩོད་གླེང་ཚང་མ་ཐག་གཅོད་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་རྩོད་གླེང་སྣ་ཚོགས་ཐག་གཅོད་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

ཨུ་རུ་སིའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་ཁི་ལི་མུའུ་ལིན་ཕོ་བྲང་ནས་ཐེངས་འདིའི་ཙུང་ཐུང་འདེམ་བསྐོ་ལ་ཞུགས་པའི་འདེམ་སྒུག་མི་སྣ་གཞན་པར་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཨུ་རུ་སི་ཡིས་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཕྱི་རྒྱལ་གྱི་གྲོགས་པོའི་བར་གྱི་རྩོད་གླེང་སྣ་ཚོགས་ཐག་གཅོད་བྱེད་རྒྱུ་ཡིན་པ་དང་། ཞོར་དུ་ད་རུང་རྒྱལ་ཁབ་རང་གི་ཁེ་ཕན་ལ་འགན་སྲུང་བྱེད་ཆེད་འབད་འཐབ་བྱེད་རྒྱུའི་ཚུལ་བསྟན། ཨུ་རུ་སི་ཡིས་གྲོགས་པོའི་རྒྱལ་ཁབ་དག་དང་མཉམ་དུ་ཕན་ཚུན་གྱི་རྒྱལ་ཁབ་ཁེ་ཕན་ལ་བརྩི་འཇོག་བྱས་པའི་རྨང་གཞིའི་སྟེང་བྱ་བ་དེ་དག་བསྒྲུབ་རྒྱུ་ཡིན་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་ཡིས་མུ་མཐུད་དུ་རྒྱལ་སྲུང་ནུས་པར་ཤུགས་སྣོན་བྱེད་རྒྱུ་ཡིན་ཡང་དམག་དོན་སྒྲིག་ཆས་ཀྱི་འགྲན་རྩོད་ནང་ཞུགས་འདོད་མེད། ཨུ་རུ་སི་ཡིས་ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་བཅུ་དགུ་ལོའི་བར་དམག་དོན་གྲོན་དངུལ་གྱི་འགྲོ་སོང་ཇེ་ཉུང་དུ་གཏོང་རྩིས་ཡོད་ཀྱང་། ཨུ་རུ་སིའི་རྒྱལ་སྲུང་ནུས་པ་ཇེ་ཞན་དུ་འགྲོ་མི་སྲིད་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སིའི་སྲིད་གཞུང་གི་མ་འོངས་པའི་བྱ་བའི་གཙོ་གནད་ནི་རྒྱལ་ནང་གི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ཡིན་པ་དང་། ཐོག་མར་དཔལ་འབྱོར་འཕར་སྣོན་ལ་འགན་སྲུང་བྱས་ཤིང་། གསར་གཏོད་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ་འཕྲོད་བསྟེན་དང་སློབ་གསོ། ཚན་རིག རྨང་གཞིའི་འཛུགས་སྐྲུན་བཅས་ལ་འབྲེལ་བའི་བྱེ་བྲག་གི་གནད་དོན་ཐག་གཅོད་བྱེད་རྒྱུ་མ་ཟད། དེའི་རྨང་གཞིའི་སྟེང་མང་ཚོགས་ཀྱི་ཕན་བདེའི་བྱ་བར་ཤུགས་སྣོན་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།