ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ལ་དོ་སྣང་ཆེན་པོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལེ་སི་ཐན་པ་ཁྲི་ཕྲག་གིས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་ཅ་ཧྲ་ས་ཁུལ་གྱི་མཐའ་མཚམས་ནས་ཕྱིར་ལྡོག་ཁྲོམ་སྐོར་ཆེན་མོ་ཞེས་པའི་གཞི་རྒྱ་ཆེ་བའི་རྔམ་སྟོན་སྤེལ་བ་དང་། དབྱི་སི་རལ་གྱི་དམག་མིས་རྔམ་སྟོན་པར་མེ་མདས་བརྒྱབ་སྟེ། ཉུང་མཐར་ཡང་ཕ་ལེ་སི་ཐན་པ་བཅོ་ལྔ་བསད་པ་དང་། མི་སྟོང་གཅིག་དང་བཞི་བརྒྱ་ལྷག་རྨས། དེ་ནི་ཉེ་བའི་ལོ་འགའི་རིང་ལ་དབྱི་སི་རལ་དང་ཕ་ལེ་སི་ཐན་བར་དུ་བྱུང་བའི་ཆེས་ཚབས་ཆེ་བའི་འཁྲུག་རྩོད་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེར་དོ་སྣང་ཆེན་པོ་བྱས་པ་དང་ཕྱོགས་གཉིས་ཀྱི་གནས་བབ་ལ་སེམས་ཁུར་བྱས།

ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་ཡིས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་གྱི་ནམ་གུང་བརྙན་འཕྲིན་གཏམ་བཤད་སྤེལ་ནས། དབྱི་སི་རལ་གྱི་དམག་མིས་ཉིན་དེར་ཅ་ཧྲ་ས་ཁུལ་ནས་མི་སེར་ལ་མེ་མདས་བརྒྱབ་སྟེ་ཕ་ལེ་སི་ཐན་གྱི་མི་སེར་ལ་ཤི་རྨས་ཚབས་ཆེན་བཟོས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་ནས། དབྱི་སི་རལ་གྱིས་དེར་འགན་ཡོངས་སུ་ཁུར་དགོས་ཞེས་བསྟན།

ཡིན་ནའང་དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་བཤད་རྒྱུར། དབྱི་སི་རལ་གྱི་བདག་དབང་ལ་ཁག་ཐེག་བྱེད་ཆེད། ཁོ་ཚོས་མཐའ་མཚམས་ཀྱི་འགོག་ར་ལ་གཏོར་བརླག་བྱེད་རྩིས་བྱས་པའི་ཕ་ལེ་སི་ཐན་པར་དམིགས་བཙུགས་ནས་མེ་མདས་བརྒྱབ་པ་ཙམ་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་དོན་དེར་བྲེལ་མྱུར་གྱིས་གྲོས་མོལ་བྱས། ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་གསལ་བསྒྲགས་སྤེལ་ནས། དོན་རྐྱེན་དེའི་ཁྲོད་ནས་ཕ་ལེ་སི་ཐན་གྱི་ཁྲོམ་སྐོར་པ་ཤི་རྨས་བཟོས་པར་ངེས་པར་དུ་དྲང་གཞག་དང་མངོན་གསལ་གྱི་རྟོག་དཔྱོད་བྱེད་དགོས་ཞེས་བཤད་པར་མ་ཟད། འབྲེལ་ཡོད་ཕྱོགས་སོ་སོས་ཤི་རྨས་སྔར་ལས་ཚབས་ཆེན་བཟོ་སྲིད་པའི་འགུལ་སྐྱོད་ཅི་ཡང་མི་སྤེལ་རྒྱུའི་འབོད་སྐུལ་བཏང་།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་མཱོ་ཀའེ་ལེ་ཉི་ཡིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱིས་འཁྲུག་རྩོད་ཁྲོད་ནས་མདེའུ་ངོ་མ་བཀོལ་བ་དེ་ངེས་པར་དུ་རང་རྐྱ་འཕེར་བ་དང་མངོན་གསལ་ཡིན་པའི་རྟོག་དཔྱོད་ཀྱི་ཁག་ཅིག་ཏུ་འགྱུར་བར་བྱེད་དགོས་ཞེས་བཤད།

དེ་ལས་གཞན་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན་གྱིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་ལ་མི་ཆོས་དང་མི་མཐུན་པའི་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བ་དང་། དབྱི་ལང་གི་ཕྱི་འབྲེལ་པུའུ་ཡིས་ཀྱང་རྒོལ་གཏམ་བཏང་ནས། དབྱི་སི་རལ་གྱི་དམག་མིས་ཕ་ལེ་སི་ཐན་པ་མང་པོ་གདུག་རྩུབ་ཆེན་པོས་དམར་གསོད་བྱས་པ་རེད་ཅེས་བཤད།

དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཡིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་ཉེན་བརྡ་བཏང་ནས། གལ་ཏེ་ཅ་ཧྲ་ས་ཁུལ་གྱི་མཐའ་མཚམས་ནས་ཟིང་འཁྲུག་བསྟུད་མར་བྱུང་ཚེ། དབྱི་སི་རལ་ཕྱོགས་ཀྱིས་རྒོལ་རྡུང་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་ཡིན་པ་དང་། དམག་དོན་འགུལ་སྐྱོད་སྤེལ་ཡང་སྲིད་ཅེས་བཤད། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཉིན་དེའི་དགོང་མོར་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱིས་འཕྲལ་ཐག་ཆོད་པའི་འགུལ་སྐྱོད་སྤེལ་ནས། རང་གི་བདག་དབང་དང་མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་བཤད།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ན་ནིང་གི་ཟླ་བཅུ་གཉིས་པར་ཡེ་ལུའུ་ས་ལུན་ནི་དབྱི་སི་རལ་གྱི་རྒྱལ་ས་ཡིན་ཞེས་བསྒྲགས་རྗེས། དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་གནས་བབ་བསྟུད་མར་ཛ་དྲག་ཏུ་གྱུར། དབྱེ་ཞིབ་མི་སྣས་བལྟས་ན། ཧ་ཅང་ཉམ་ང་བའི་དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་འབྲེལ་བ་ལ་མཚོན་ན། མིག་སྔའི་འཁྲུག་རྩོད་དོན་རྐྱེན་དེ་ཕྱོགས་ཡོངས་ཀྱི་འཁྲུག་རྩོད་དུ་འགྱུར་སྲིད་པ་དང་། དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་སྲིད་པར་འདོད།

དེའི་ཐད་ནས་དབྱི་སི་རལ་གྱི་ཧི་ཙི་ལེ་ཡ་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་སྲིད་ཇུས་དང་འཐབ་ཇུས་ཞིབ་འཇུག་ཁང་གི་འགོ་གཙོ་ཧྲ་ཝུའུ་ལེ་ཞེ་དབྱི་ཡིས་བཤད་རྒྱུར། གནད་དོན་ཐག་གཅོད་པའི་ཐབས་ལམ་གལ་ཆེན་ནི་སྔར་བཞིན་གྲོས་མོལ་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནུས་ཤུགས་ཡོད་ཚད་བཏོན་ནས་དམག་འཁྲུག་མི་འབྱུང་བར་བྱེད་དགོས་ཟེར།

དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་ཞི་བའི་གྲོས་མོལ་དེ་ལོ་མང་པོར་མཚམས་བཞག་ཡོད། ཉེ་བའི་ལོ་འགའི་རིང་ལ་དྲག་ཤུགས་ཀྱིས་ཕལ་ཆེར་གྲོས་མོལ་གྱི་ཚབ་བྱས་ཡོད་ལ། ལྷག་པར་དུ་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅ་ཧྲ་ས་ཁུལ་གྱི་མཐའ་མཚམས་ནས་དབྱི་སི་རལ་དང་ཕ་ལེ་སི་ཐན་བར་གྱི་འགལ་བ་སྔར་ལས་མངོན་གསལ་ཡིན།

ཉིས་སྟོང་བདུན་ལོར་ཧ་མ་སིས་ཅ་ཧྲ་ས་ཁུལ་གྱི་ཚོད་འཛིན་དབང་ཆ་འཕྲོག་རྗེས། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་ལ་ཕྱོགས་ཡོངས་ནས་བཀག་སྡོམ་བྱས་ཏེ། མི་སྣའི་འགྲོ་འོང་དང་དངོས་རྫས་སྐྱེལ་འདྲེན་ལ་ཚོད་འཛིན་ནན་མོ་བྱས། ལོ་ངོ་བཅུ་ལྷག་གི་བཀག་སྡོམ་བརྒྱུད་དེ་ས་ཁུལ་དེར་འབར་རྫས་སོགས་དངོས་རྫས་ཧ་ཅང་དཀོན་པར་གྱུར་པ་དང་། སྤྱི་ཚོགས་དམངས་ཚིས་དང་དཔལ་འབྱོར་གྱི་གནས་བབ་རྒྱུན་ཆད་མེད་པར་སྐྱོ་བོར་གྱུར་ལ། ལས་ཤོར་གྱི་ཚད་བརྒྱ་ཆའི་ལྔ་བཅུ་ལ་སླེབས་པས། ཅ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་ཉེན་ཚབས་བྱུང་།

ཕ་ལེ་སི་ཐན་པའི་སེམས་ཀྱི་ཁོང་ཁྲོ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་པ་དང་། ཁོ་ཚོས་འཚོ་བའི་ཐད་ནས་མདུན་ལམ་ཡག་པོ་མེད་ལ། ཆབ་སྲིད་ཀྱི་ཐད་ནས་གོང་འཕེལ་ཅི་ཡང་མེད་ཅིང་། དབྱི་སི་རལ་གྱི་མིའི་བར་གྱི་འགལ་བ་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བཞིན་པར་སྙམ་ཡོད། རྒྱ་རྐྱེན་དེ་དག་གི་དབང་གིས་དབྱི་སི་རལ་དང་ཕ་ལེ་སི་ཐན་བར་གྱི་དྲག་ཤུགས་དོན་རྐྱེན་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད། ཕ་ལེ་སི་ཐན་པས་བལྟས་ན་དབྱི་སི་རལ་ནི་ཁོ་ཚོ་སྡུག་བསྔལ་ལ་སྦྱོར་བའི་གཏེ་བོ་ཡིན་པར་འདོད་ཡོད།

དབྱི་སི་རལ་གྱི་ས་ཁུལ་ཕྱི་འབྲེལ་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་ཞི་ཉི་མུའུ་ལོ་ཏི་ཀི་ལུན་གྱིས་བཤད་རྒྱུར། དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་གནས་བབ་ཛ་དྲག་ཏུ་གྱུར་པར་མངོན་ལྐོག་གཉིས་ཀྱི་རྒྱུ་རྐྱེན་ཧ་ཅང་མང་བ་དང་། རྗེས་ཕྱོགས་ཀྱི་གནས་བབ་འགྱུར་ལྡོག་ནི་ཧ་ཅང་གནད་འགག་ཡིན་པས། ངེས་པར་དུ་བྱེད་ཐབས་བཙལ་ནས་ཤི་རྨས་དོན་རྐྱེན་ཡང་བསྐྱར་འབྱུང་བར་བཀག་འགོག་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་བྱེད་ཐབས་བཙལ་ནས་དབྱི་སི་རལ་དང་ཕ་ལེ་སི་ཐན་བར་གྱི་ཛ་དྲག་གི་གནས་བབ་ཐག་གཅོད་དགོས་ཟེར། མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངགས་ཕོ་ཉ་དང་། ཨེ་ཅིབ་དང་ཁ་ཐར་སོགས་རྒྱལ་ཁབ་ཁ་ཤས་ཀྱིས་བར་འདུམ་གང་ལེགས་བྱེད་བཞིན་ཡོད་མོད། ཡིན་ནའང་མིག་སྔའི་གནས་ཚུལ་ལ་བལྟས་ན། ཕྱོགས་སོ་སོ་ཡིད་ཚིམས་པའི་ཐག་གཅོད་བྱེད་ཐབས་ཤིག་འཚོལ་རྒྱུ་ནི་ཧ་ཅང་དཀའ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།