ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་དབྱི་སི་ཐན་པོར་དུ་སྡོད་པའི་དབྱི་སི་རལ་གྱི་སྤྱིའི་གཞུང་ཚབ་ཁང་གནས་སྐབས་སུ་རང་གི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་དྲུག་ཉིན་ཐུར་ཁེའི་དབྱི་སི་ཐན་པོར་དུ་སྡོད་པའི་དབྱི་སི་རལ་གྱི་སྤྱིའི་གཞུང་ཚབ་པ་ལེ་ཝེ་ལ་བརྡ་བཏང་སྟེ། ལེ་ཝེ་དུས་སྐབས་ཤིག་གི་ནང་ཐུར་ཁེ་དང་འབྲལ་དགོས་པའི་རེ་བ་བཏོན།

སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཐུར་ཁེ་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་སོང་། ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་ལྔ་ཉིན་ཐུར་ཁེ་རུ་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་ཆེན་མོ་ནེ་ཧི་ལའང་དེ་འདྲའི་རེ་བ་བཏོན་པ་དང་། ནེ་ཧི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་ཐུར་ཁེ་དང་བྲལ་བ་རེད།

གཞན་ཡང་དབྱི་སི་རལ་གྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཐུར་ཁེ་ཡིས་དབྱི་སི་རལ་གྱི་གཞུང་ཚབ་ཆེན་མོ་མཐར་སྐྲོད་བཏང་རྗེས། དབྱི་སི་རལ་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་ལྔ་ཉིན་ཡེ་ལུའུ་སཱ་ལེམ་དུ་སྡོད་པའི་ཐུར་ཁེའི་སྤྱིའི་གཞུང་ཚབ་པ་རང་གི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན། ཉིན་དེར་དབྱི་སི་རལ་དུ་སྡོད་པའི་ཐུར་ཁེའི་གཞུང་ཚབ་ཆེན་མོ་ཐུར་ཁེའི་ཕྱི་འབྲེལ་པུའུ་ཡི་མཛུབ་སྟོན་ལྟར་ཕྱིར་ཐུར་ཁེ་རུ་ལོག་པ་རེད།

ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་བདེ་འཇགས་དམག་དཔུང་གིས་ཕཱ་ལེ་སི་ཐན་གྱི་ཞི་བའི་ཁྲོམ་སྐོར་མཁན་དམར་གསོད་བཏང་བའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་། ཐུར་ཁེའི་ཙུང་ལི་གཞོན་པ་པའོ་ཙི་ཏཱ་ཡིས་ཉིན་དེར་ཁྱབ་སྒྲོག་བྱས་དོན། ཐུར་ཁེ་ཡིས་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་དམག་དཔུང་བར་འཁྲུག་རྩོད་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་ཕཱ་ལེ་སི་ཐན་གྱི་མིར་ཉིན་གསུམ་རིང་རྒྱལ་ཡོངས་ནས་མྱ་ངན་ཞུ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།