ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་དུ་འགས་གཏོར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་གསང་འཕྲིན་སྡེ་ཁག་གིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཉིན་དེར་ཅཱ་ཧྲ་ས་ཁུལ་དུ་ཐེངས་གཉིས་ལ་འགས་གཏོར་བཏང་ཡང་། མི་སྣར་ཤི་རྨས་བཟོས་མེད་ཟེར། ཉིན་གཉིས་ལ་འཁྲུག་རྩོད་བྱས་པ་བརྒྱུད། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་དེ་ཚེས་བཅོ་ལྔ་ཉིན་སྔར་བཞིན་འཁྲུག་རྩོད་གནད་དོན་རེ་འགའ་ཡོད་ཀྱང་། ཛ་དྲག་ཏུ་འགྱུར་བའི་སྣང་ཚུལ་མེད་ཟེར།

ཚེས་བཅུ་བཞི་ཉིན་གྱི་དགོང་མོར། ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སི་དང་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏི་ཡིས་སོ་སོར་དབྱི་སི་རལ་བར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པ་ཁྱབ་སྒྲོག་བྱས།

ཧཱ་མཱ་སིའི་མགྲིན་ཚབ་པ་ཁཱ་ཞི་མུའུ་ཡིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བར་འདུམ་འོག་ཏུ། ཧཱ་མཱ་སི་ཡིས་རང་ཚོད་བཟུང་ནས་དབྱི་སི་རལ་བར་གྱི་དམག་དོན་འཁྲུག་རྩོད་མཇུག་སྒྲིལ་རྒྱུ་ཐག་བཅད་ཡོད་ཟེར། ཉིན་དེར་ཅེ་ཧཱ་ཏི་ཡིས་ཀྱང་རིགས་དེ་མཚུངས་ཀྱི་གསལ་སྒྲོག་སྤེལ་བ་རེད།

ཡིན་ཡང་དབྱི་སི་རལ་ཕྱོགས་ཀྱིས་ཧཱ་མཱ་སིའི་བར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པ་ཁས་ལེན་མ་བྱས། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བཅོ་ལྔ་ཉིན་ནེ་ཀིའི་གྲོས་ཚོགས་སྟེང་བཤད་རྒྱུར། དབྱི་སི་རལ་གྱིས་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བཞིའི་ཉིན་བར་ཧཱ་མཱ་སི་ལ་ཆམ་ཕབ་དྲག་པོ་བཏང་བ་དང་། ཧཱ་མཱ་སིའི་བར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་མེད་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ནེ་ཀིའི་གྲོས་ཚོགས་སྟེང་བཤད་རྒྱུར། དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པར་ཡིད་འཐད་བྱུང་བར་བསྒྲགས་པའི་གནས་ཚུལ་དེ་བདེན་པ་མིན། ང་ཚོས་རང་ཉིད་ལ་དམིགས་པའི་དཔུང་འཇུག་གང་རུང་དང་ལེན་བྱེད་རྩིས་མེད་པ་དང་། དེར་དགོས་ངེས་ཀྱི་རྒོལ་ལན་སྤྲོད་ངེས་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།