ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་དབྱི་སི་ལན་ཆོས་ཁང་དུ་འཇབ་རྒོལ་ཐེབས་ཏེ་མི་སོ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཕཱ་ཁི་ཏིས་ཡཱ་ཞིང་ཆེན་གྱི་སྤྱི་བའི་འཕྲོད་བསྟེན་པུའུ་ཡི་འགན་ཁུར་བ་ཨེ་ཧཱ་མེད་ཏི་ཀྲ་དབྱེ་ཡིས་ཚེས་གསུམ་ཉིན་བཤད་རྒྱུར། ཞིང་ཆེན་དེའི་ཧྲི་ཡེ་ཕྱོགས་ཁག་གི་དབྱི་སི་ལན་ཆོས་ཁང་ཞིག་ནས་ཉིན་དེར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་སོ་ལྔ་རྐྱེན་ལམ་དུ་ཤོར། 

ཨེ་ཧཱ་མེད་ཏི་ཀྲ་དབྱེ་ཡིསི་ཉིན་དེར་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་འགས་གཏོར་འཇབ་རྒོལ་ལས་མི་སོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བདུན་ཅུར་རྨས་ཕོག་ཡོད་ཟེར། 

འཇབ་རྒོལ་ཐེབས་པའི་དབྱི་སི་ལན་ཆོས་ཁང་དེ་ཕཱ་ཁི་ཏིས་ཡཱ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཅཱ་ཏི་ཚི་རུ་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། འགས་གཏོར་འཇབ་རྒོལ་དེ་ཚེས་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་དང་ཕྱེད་ཀའི་ཡས་མས་སུ། འཇབ་རྒོལ་མཁན་གཉིས་དབྱི་སི་ལན་ཆོས་ཁང་དེར་ཡོང་ས་མི་ཚོགས་གྲས་སུ་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་བ་རེད། འཇབ་རྒོལ་མཁན་དེ་གཉིས་ཀྱིས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་བ་དང་། དབྱི་སི་ལན་ཆོས་ཁང་གི་རྩིག་ངོས་དང་སྒེའུ་ཁུང་སོགས་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད། 

ཕཱ་ཁི་ཏིས་ཡཱ་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱི་འགན་ཁུར་བ་མན་ཏུའུ་སེ་ཡིས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་བྱུང་སྐབས། མུའུ་སི་ལིན་མང་བོས་དབྱི་སི་ལན་ཆོས་ཁང་དེར་ཕྱག་འཚལ་བཞིན་ཡོད་པས། འགས་གཏོར་དེ་ལས་བཟོས་པའི་ཤི་རྨས་གནས་ཚུལ་ཅུང་ཚབས་ཆེ་བ་རེད་ཟེར། 

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་ཉིན་དེར་འཇབ་རྒོལ་དོན་རྐྱེ་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། འཇབ་རྒོལ་མཁན་གྱི་ཁྱིམ་མིར་འཚམས་འདྲི་བྱས། 

མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་མེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།