ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་ཡེ་མིན་སཱ་ཏཱ་ཞིང་ཆེན་གྱི་བར་སྣང་འཇབ་རྒོལ་ལས་མི་ང་གཅིག་རྐྱེན་ལམ་དུ་ཤོར་བར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཟླ་འདིའི་ཚེས་དགུ་ཉིན་ཡེ་མིན་ནུབ་བྱང་ཕྱོགས་ཀྱི་སཱ་ཏཱ་ཞིང་ཆེན་ཏཱ་ཧཱ་ཡན་གྲོང་ཁྱེར་ནས་བྱུང་བའི་བར་སྣང་འཇབ་རྒོལ་དོན་རྐྱེན་ལས་བསྡོམས་པས་མི་ང་གཅིག་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ་བཞི་བཅུ་འདུས་ཟེར། 

རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་གསལ་སྒྲོག་ནང་ད་རུང་བཤད་རྒྱུར། ཐེངས་འདིའི་བར་སྣང་འཇབ་རྒོལ་ལས་ད་རུང་མི་དོན་དགུར་རྨས་ཕོག་པ་དང་། དེའི་ནང་བྱིས་པ་ང་དྲུག་ཡོད་ཟེར། རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་འགན་ཁུར་བ་པུའུ་ལོས་ཝེ་ཨར་གྱིས་ཀྱང་ཉིན་དེར་གློག་རྡུལ་སྦྲགས་ཡིག་ལ་བརྟེན་ནས་ཡེ་མིན་སཱ་ཏཱ་ཞིང་ཆེན་གྱི་བར་སྣང་འཇབ་རྒོལ་ལས་མི་ང་གཅིག་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས། 

བྱིས་པ་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ལ་ཟླ་འདིའི་ཚེས་དགུའི་ཉིན་སཱ་ཏཱ་ཞིང་ཆེན་གྱི་ཏཱ་ཧཱ་ཡན་གྲོང་ཁྱེར་གྱི་ཚོང་ར་ཞིག་ནས་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས། འཇབ་རྒོལ་དོན་རྐྱེན་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱས། རྒྱལ་སྤྱིའི་གནོན་ཤུགས་དབང་གིས་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཚེས་བཅུའི་ཉིན་ཐེངས་འདིའི་བར་སྣང་འཇབ་རྒོལ་དོན་རྐྱེན་ལ་རྟོག་ཞིབ་བྱེད་རྒྱུ་ཁྱབ་སྒྲོག་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།