ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དཀར་པོའི་ཙུང་ཐུང་གིས་མཚོན་ཆ་དང་སྒྲིག་ཆས་རིམ་འཕར་གསར་སྤེལ་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཚེས་ལྔ་ཉིན་བསྟན་དོན། དམག་དོན་བཟོ་ལས་སྡེ་ཁག་གིས་རྒྱལ་སྲུང་གི་དགོས་མཁོ་ལྟར་རང་བདག་གིས་མཚོན་ཆ་དང་སྒྲིག་ཆས་གསར་བ་གསར་སྤེལ་བྱེད་དགོས་པར་མ་ཟད། ད་ཡོད་ཀྱི་མཚོན་ཆ་དང་སྒྲིག་ཆས་ལ་རིམ་འཕར་ལེགས་བཅོས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཀྱི་རང་བཙན་སྲུང་འཛིན་བྱེད་དགོས་ཟེར། 

བསྒྲགས་པ་ལྟར་ན། ལུའུ་ཁཱ་ཧྲིན་ཁི་ཡིས་ཉིན་དེར་ལྷོ་ནུབ་ཕྱོགས་ཀྱི་མཚོན་ཆའི་ཚོད་ལྟ་བྱེད་ས་ཞིག་ནས་རྒྱལ་ཁབ་རང་གི་མཚོན་ཆ་དང་སྒྲིག་ཆས་གསར་བར་རྟོག་ཞིབ་བྱེད་སྐབས་བསྟན་དོན། རང་བདག་གསར་སྤེལ་བྱས་ཏེ་མཚོན་ཆ་དང་སྒྲིག་ཆས་ལ་རིམ་འཕར་ལེགས་བཅོས་བྱེད་པ་དེ་རྒྱལ་ཁབ་ཀྱི་རང་བཙན་སྲུང་འཛིན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར། ཁོས་བཤད་རྒྱུར། དགོས་ངེས་ཀྱི་སྐབས་སུ་ཨུ་རི་སི་དཀར་པོའི་མཚོན་ཆ་དང་སྒྲིག་ཆཆས་ལ་མནའ་མཐུན་རྒྱལ་ཁབ་ཨུ་རུ་སིའི་རོགས་སྐྱོར་ཐོབ་ཡོད་ཀྱང་། ཨུ་རུ་སི་ཁོ་ནར་བརྟེན་མི་རུང་། རྒྱང་རིང་ལ་བསམ་བློ་བཏང་ན། ཨུ་རུ་སི་དཀར་པོས་སྒེར་ཚུགས་སུ་རྣམ་པ་གསར་བའི་མཚོན་ཆ་གསར་སྤེལ་བྱེད་པའི་ནུས་པར་ཤུགས་སྣོན་བྱ་དགོས་ཟེར། 
ཁོས་བསྟན་དོན། ཨུ་རུ་སི་དཀར་པོར་མཚོན་ན། རྒྱལ་སྤྱིའི་གནས་བབ་གསར་བའི་འོག གལ་ཆེ་བ་ནི་སྔོན་ཐོན་གྱི་འཐབ་འཛིང་གནམ་གྲུ་དང་ཐན་ཁི་འཁོར་ལོ་སོགས་དཔུང་འཇུག་རང་བཞིན་གྱི་མཚོན་ཆ་བཟོ་སྐྲུན་བྱེད་རྒྱུ་དེ་མ་ཡིན་པར་རྒྱལ་ཁབ་རང་གི་དམག་དཔུང་གི་འགོག་སྲུང་ནུས་པར་ཤུགས་སྣོན་བྱེད་དགོས། དེ་བས་དམིགས་བསལ་དམག་དཔུང་དང་རྐང་དམག་ལ་མཁོ་བའི་མཚོན་ཆ་དང་སྒྲིག་ཆས་འཕེལ་རྒྱས་སུ་བཏང་སྟེ། དམག་དཔུང་གི་འཕྲལ་སྒྲུབ་མྱུར་ཚད་དང་ནུས་པ་ཇེ་མཐོར་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།