ཀྲུང་གོ་བོད་ཀྱི་དྲ་བ།

ཕིན་ཕའེ་ཨོ་ཡིས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱིས་མུ་མཐུད་དུ་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་གྲུབ་འབྲས་བླངས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཚེས་བདུན་ཉིན་ཁྲའོ་ཞན་གྱི་འགྲུལ་བཞུད་མཇུག་སྒྲིལ་རྗེས་བསྟན་དོན། ཨ་མེ་རི་ཁ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་གྲུབ་འབྲས་བླངས་ཡོད་ཟེར། 

ཕིན་ཕའེ་ཨོ་ཡིས་ཚེས་བདུན་ཉིན་བཤད་རྒྱུར། ཁོ་ཐེངས་འདིར་ཁྲའོ་ཞན་དུ་སོང་ནས་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་དང་གྲོས་མོལ་བྱས་པ་བདེ་བླག་ཡིན་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་སིང་ག་ཕོར་གྲོས་མོལ་གྱི་གྲུབ་འབྲས་རྨང་གཞིའི་སྟེང་མུ་མཐུད་དུ་གྲུབ་འབྲས་བླངས་ཡོད་ཟེར། 

དེ་ནི་ཕིན་ཕའེ་ཨོ་ཡིས་ཐེངས་གསུམ་པར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱི་ཐོང་ཐང་གིས་ཁྲའོ་ཞན་ལ་འཚམས་འདྲི་བྱས་པ་རེད། ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཕིན་ཕའེ་ཨོ་དང་ཅིན་ཀྲིན་ཨིན་གཉིས་ཀྱིས་དུས་ཚོད་གསུམ་ལྷག་ལ་གྲོས་མོལ་བྱས་པ་དང་། མཉམ་དུ་གུང་ཟས་ལ་རོལ། ཕིན་ཕའེ་ཨོ་དང་མཉམ་དུ་སོང་བའི་ཨ་མེ་རི་ཁའི་དཔོན་རིགས་ཀྱིས་བསྟན་དོན། ཕིན་ཕའེ་ཨོ་ཡི་ཐེངས་འདིའི་འགྲུལ་བཞུད་དེ་སྔོན་ཐེངས་ལས་བཟང་ཡང་། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་གནད་དོན་ལ་ཕྱོགས་གཉིས་ཀྱིས་དུས་ཡུན་རིང་བོར་གྲོས་མོལ་བྱེད་དགོས་ཟེར། 

གཞན་ཡང་ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ཡིས་བསྒྲགས་པ་ལྟར་ན། ཕིན་ཕའེ་ཨོ་ཡིས་ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་ལ་བཤད་རྒྱུར། ཁྲའོ་ཞན་དུ་འཚམས་འདྲི་བྱེད་སྐབས་ཁོ་དང་ཅིན་ཀྲིན་ཨིན་གཉིས་ཀྱིས་སྔ་མོ་ནས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་ཐེངས་གཉིས་པའི་གྲོས་མོལ་སྤེལ་བར་ཐུན་མོང་གི་ལྟ་ཚུལ་བྱུང་བ་དང་། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་པའི་དུས་ཚོད་དང་ཚོགས་ཡུལ་སོགས་ལ་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུའི་ཐག་བཅད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།