ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་ཁྲའོ་ཞན་གྱིས་མུ་མཐུད་དུ་ནགས་རིའི་ལས་དོན་ཐད་ནས་མཉམ་ལས་བྱེད་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོ་དང་ཁྲའོ་ཞན་གྱི་དཔོན་རིགས་ཀྱིས་ཚེས་ཉེར་གཉིས་ཉིན་ཁྲའོ་ཞན་ཁའེ་ཁྲིན་ནས་གྲོས་མོལ་བྱས་ཏེ། མུ་མཐུད་དུ་ནགས་རིའི་ལས་དོན་ཐད་ནས་མཉམ་ལས་བྱེད་རྒྱུ་ཐག་བཅད། 

ཧན་གོ་ཕྱོགས་ཀྱིས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལྟར་ན། ཕྱོགས་གཉིས་ཀྱིས་ཕྱིན་ཆད་ལོ་རེར་ནགས་ཚལ་གྱི་སྡོང་བོར་གནོད་འབུ་བྱུང་བའི་སྐབས་སུ་མཉམ་ལས་བྱེད་རྒྱུ་ཐག་བཅད། དེའི་ནང་གནས་ཚུལ་སྙན་ཞུ་དང་མ་དཔེ་བརྗེ་སྤོར། དབྱེ་ཞིབ་བརྟག་བཅོས། འགོག་སྨན་འདོན་སྤྲོད་སོགས་འབྲེལ་ཡོད་ཀྱི་བྱ་བ་འདུས་ཡོད་ཟེར། 

དེ་ལས་གཞན་ཧན་གོ་དང་ཁྲའོ་ཞན་གྱི་དཔོན་རིགས་ཀྱིས་ད་ལོར་ཁྲའོ་ཞན་ལ་དམིགས་པའི་སྡོང་ཕྲུག་འཛུགས་ཡུལ་བཅུའི་དེང་རབས་ཅན་འཛུགས་སྐྲུན་མགོ་རྩོམ་རྒྱུ་ཡིན་པ་དང་། དུས་རིམ་བགོས་ནས་ཁྲའོ་ཞན་གྱི་སྡོང་ཕྲུག་འཛུགས་ཡུལ་གཞན་པའི་དེང་རབས་ཅན་ལས་གཞིར་ཡར་སྐུལ་གཏོང་རྒྱུ་རེད། བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་ནགས་རིའི་མེ་འགོག་བྱ་བ་སྤེལ་རྒྱུ་མ་ཟད། སྐྱེ་ཁམས་མ་ལག་སྲུང་སྐྱོབ་ཐད་ཀྱི་མཉམ་ལས་སྤེལ་བར་བརྩོན་ལེན་བྱེད་རྒྱུ་ཡིན་ལ། ཞོར་དུ་མཉམ་དུ་ནགས་རིའི་ཚན་རྩལ་གྱི་བརྗོད་སྙིང་ཞིབ་བསྡུར་ཚོགས་འདུ་སོགས་སྤེལ་བའི་དོན་ལ་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུའི་དུས་བཅད་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།