ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་ཙུང་ཐུང་གིས་ཧན་གོ་དང་ཁྲའོ་ཞན་གྱི་ཟླ་དགུ་བའི་ཕེན་རང་ཐུན་མོང་བསྒྲགས་གཏམ་དང་འབྲེལ་ཡོད་དམག་དོན་གྲོས་མཐུན་ལ་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ཡིས་ཚེས་ཉེར་གསུམ་ཉིན་ཁས་ལེན་བྱས་དོན། ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཉིན་དེར་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོས་ཟླ་སྔོན་མར་བཀོད་པའི་ཟླ་དགུ་བའི་ཕེན་རང་ཐུན་མོང་བསྒྲགས་གཏམ་དང་འབྲེལ་ཡོད་དམག་དོན་གྲོས་མཐུན་ལ་ཆོག་མཆན་བཀོད་ཡོད་ཟེར། 

ཆིན་ཝ་ཐེའི་མགྲིན་ཚབ་པ་ཡིས་བཤད་རྒྱུར། རྒྱལ་སྲིད་གྲོས་ཁང་གིས་ཉིན་དེར་ཧན་གོ་དང་ཁྲའོ་ཞན་གྱི་ཟླ་དགུ་བའི་ཕེན་རང་ཐུན་མོང་བསྒྲགས་གཏམ་དང་ཕྱོགས་གཉིས་ཀྱི་དམག་དོན་ཁྱབ་ཁོངས་ཀྱི་གྲོས་མཐུན་ལ་གྲོས་ཞིབ་བྱས་ཏེ་གྲོས་མཐུན་བཀོད། ཝུན་ཙེ་ཡུན་གྱིས་དེའི་རྗེས་སུ་མིང་བཀོད་ནས་ཆོག་མཆན་བཀོད་པ་རེད། ཝུན་ཙེ་ཡུན་གྱིས་ཚོགས་ཐོག་ནས་བསྟན་དོན། ལྷོ་བྱང་གི་འབྲེལ་བའི་འཕེལ་རྒྱས་དང་དམག་དོན་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་བ་དེ་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་རྩ་བ་ནས་མེད་པར་གཏོང་བར་ཕན་ཐོགས་ཡོད་ཟེར། 

ཆིན་ཝ་ཐེ་ཡིས་བསྟན་དོན། ལས་རིམ་ལྟར་ན། བསྒྲགས་གཏམ་དེ་ཧན་གོ་སྲིད་གཞུང་གི་གཞུང་དོན་ཚགས་པར་སྟེང་འགོད་སྲིད་པ་དང་། དམག་དོན་གྲོས་མཐུན་དེ་སྔོན་ལ་ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་ཡིག་ཆ་བརྗེ་སྤོར་བྱས་རྗེས་ད་གཟོད་སྲིད་གཞུང་གི་གཞུང་དོན་ཚགས་པར་སྟེང་འགོད་རྒྱུ་རེད། ཧན་གོ་དང་ཁྲའོ་ཞན་གྱིས་ད་རུང་དམག་དོན་གྲོས་མཐུན་གྱི་ཡིག་ཆ་བརྗེ་སྤོར་བྱེད་པའི་དུས་ཚོད་གཏན་འཁེལ་བྱས་མེད། 

ཟླ་དགུ་བའི་ཕེན་རང་ཐུན་མོང་བསྒྲགས་གཏམ་ལ་ཧན་གོའི་རྒྱལ་ཚོགས་ཀྱི་ཆོག་མཆན་ཐོབ་མེད་པས། ཝུན་ཙེ་ཡུན་གྱིས་བསྒྲགས་གཏམ་ལ་ཆོག་མཆན་བཀོད་པའི་བྱ་སྤྱོད་དེར་སྲིད་དབང་བཟུང་མེད་པའི་ཏང་ཁག་གི་སྐྱོན་བརྗོད་ཐེབས། ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་རང་དབང་ཧན་གོའི་ཏང་གིས་བཤད་རྒྱུར། ཝུན་ཙེ་ཡུན་གྱི་བྱ་སྤྱོད་དེ་ལས་རྒྱལ་ཚོགས་སྣང་མེད་དུ་བསྐྱུར་ཡོད་ཟེར། 

ཆིན་ཝ་ཐེ་ཡིས་བསྟན་དོན། ཧན་གོའི་ཁྲིམས་ལུགས་ཁྲུའུ་ཡི་ཞིབ་འཇུག་མཇུག་འབྲས་ལས་མངོན་པ་ལྟར་ན། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ་ལ་གཞིགས་ན་ཝུན་ཙེ་ཡུན་གྱིས་ཟླ་དགུ་བའི་ཕེན་རང་ཐུན་མོང་བསྒྲགས་གཏམ་ལ་ཆོག་མཆན་བཀོད་ཆོག་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།