ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་ཙུང་ལི་ཡིས་དྲ་རྒྱའི་བདེ་འཇགས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྤྱིའི་དྲ་རྒྱའི་བདེ་འཇགས་ཚོགས་ཆེན་དེ་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་སུམ་ཅུའི་ཉིན་བར་དབྱི་སི་རལ་གྱི་ཐི་ལཱ་ཝེ་ཧྥུའུ་ནས་སྤེལ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་ཉེར་དགུའི་ཉིན་ཚོགས་ཆེན་སྟེང་གཏམ་བཤད་སྤེལ་ཏེ། དྲ་རྒྱའི་བདེ་འཇགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པའི་སྐུལ་མ་བཏང་། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། རྒྱལ་ཁབ་གང་ཡིན་ཡང་དྲ་རྒྱའི་དཔུང་འཇུག་ཐེབས་སྲིད་པས། དྲ་རྒྱའི་དཔུང་འཇུག་ལ་སྔོན་འགོག་བྱེད་པའི་ནུས་པ་ཇེ་མཐོར་གཏོང་བ་དང་དྲ་རྒྱའི་བདེ་འཇགས་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས་པར་མ་ཟད། དེ་གཉིས་ཟུང་འབྲེལ་གང་ལེགས་བྱེད་དགོས། ཁྱབ་ཁོངས་དེའི་འཛམ་གླིང་ཡོངས་ཀྱི་སྔོན་ཐོན་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། དབྱི་སི་རལ་གྱིས་སྲིད་གཞུང་བར་དང་ཁེ་ལས་བར་གྱི་དྲ་རྒྱའི་བདེ་འཇགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བཞིན་ཡོད་ཟེར། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་མཚམས་སྦྱོར་བྱས་དོན། མིག་སྔར་དབྱི་སི་རལ་ལ་དྲ་རྒྱའི་བདེ་འཇགས་ཀུང་ཟི་ལྔ་བརྒྱ་ལྷག་ཡོད་པ་དང་། ཁ་གྲངས་དེ་འཛམ་གླིང་གི་མདུན་གྲས་སུ་བསླེབ་ཡོད། ཉིས་སྟོང་བཅོ་བརྒྱད་ལོར་དབྱི་སི་རལ་གྱི་དྲ་རྒྱའི་བདེ་འཇགས་ཐོན་ལས་ཕྱིར་གཏོང་གི་འབོར་གྲངས་དེ་མེ་སྒོར་ཐེར་འབུམ་ལྔ་ལས་བརྒལ་ཡོད་ཟེར། 

དབྱི་སི་རལ་རྒྱལ་ཁབ་དྲ་རྒྱ་ཅུའུ་ཡི་ཅུའུ་ཀྲང་ཨང་ནཱ་ཡིས་ཚོགས་ཆེན་སྟེང་བསྟན་དོན། རྒྱལ་སྤྱིའི་དྲ་རྒྱ་ཅུའུ་ཡིས་དྲ་རྒྱའི་ཆེད་མཁས་པ་དང་བདེ་འཇགས་མི་སྣ་ཁྲི་གཅིག་དང་སྟོང་གཉིས་ཙམ་གྱིས་གྲུབ་པའི་དྲ་རྒྱའི་འགོག་སྲུང་རྩ་འཛུགས་བྱས་ཡོད་ལ། དེས་དབྱི་སི་རལ་གྱི་གནད་འགག་གི་རྨང་གཞིའི་སྒྲིག་ཆས་ལ་དྲ་རྒྱའི་དཔུང་འཇུག་གི་གཏོར་བརླག་ཐེབས་པར་སྔོན་འགོག་བྱེད་ཐུབ་ཟེར། ཨང་ནཱ་ཡིས་བཤད་རྒྱུར། དྲ་རྒྱའི་འགོག་སྲུང་དེ་རིམ་བཞིན་རྒྱལ་ཁབ་གཞན་པར་སྒོ་འབྱེད་བྱེད་བཞིན་ཡོད་པར་མ་ཟད། རྒྱལ་སྤྱིའི་མཉམ་ལས་གོ་སྐབས་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར། 

དྲ་རྒྱའི་བདེ་འཇགས་ཁྱབ་ཁོངས་ཀྱི་འགྲན་རྩོད་ནི་ཐེངས་འདིའི་ཚོགས་ཆེན་གྱི་གྲོས་གཞི་གལ་ཆེན་ཞིག་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཝ་ཨར་ཏིས་ཀྱིས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། དྲ་རྒྱའི་བདེ་འཇགས་ཁྱབ་ཁོངས་ཀྱི་འགྲན་རྩོད་གཙོ་བོ་ནི་དྲ་རྒྱའི་དཔུང་འཇུག་ཁ་གྲངས་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བ་དང་། དཔུང་འཇུག་གི་ནུས་པའང་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་པས། མི་རྣམས་ཀྱིས་སྔར་ལས་མང་བའི་ཐོན་ཁུངས་ལ་བརྟེན་ནས་དྲ་རྒྱའི་བདེ་འཇགས་ལ་འགན་སྲུང་མི་བྱེད་ཐབས་མེད་ཡིན་ཟེར། གྲོས་ཚོགས་ལ་ཞུགས་པའི་ཆེད་མཁས་པས་བལྟས་ན། མཉམ་འབྲེལ་དྲ་རྒྱའི་དུས་སྐབས་སུ་བསླེབ་པ་དང་མིས་བཟོས་རིག་ནུས་ལག་རྩལ་བེད་སྤྱོད་བྱས་པ་དང་བསྟུན་ནས། དྲ་རྒྱའི་དཔུང་འཇུག་གི་འཇིགས་ཉེན་དེ་ལས་རིགས་སོ་སོར་བྱུང་ཡོད། དྲ་རྒྱའི་བདེ་འཇགས་ནི་འཛམ་གླིང་རང་བཞིན་གྱི་གནད་དོན་ཞིག་ཡིན་སྟབས་རྒྱལ་ཁབ་སོ་སོའི་བར་མཉམ་ལས་སྤེལ་བར་གལ་འགངས་ཧ་ཅང་ཆེ་བར་འདོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།