ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱེ་ཐང་དང་རྒྱ་མཚོའི་ཉམས་སད་བརྒྱུད་རྗེས། ཨ་མེ་རི་ཁའི་མཚོ་དམག་སྐམ་འཐབ་རུ་ཁག་གིས་འཁྱག་གྲང་ཆེ་བའི་ནམ་ཟླའི་ཁྲོད་འཐབ་འཁྲུག་བྱེད་པར་སྦྱོང་བརྡར་བྱེད་མགོ་བརྩམས། དེ་ལས་ཨ་མེ་རི་ཁའི་དམག་དཔུང་གི་རྗེས་ཕྱོགས་ཀྱི་འཐབ་འཁྲུག་ཁྲོད་དགྲ་བོའི་གནས་ས་དེ་ས་བབ་མཐོ་བའི་གནས་ཤིག་ཡིན་སྲིད་པའི་སྔོན་བརྡ་ཙམ་བཏང་ཡོད།
མཚོ་དམག་སྐམ་འཐབ་རུ་ཁག་ལ་སྐམ་ས་དང་རྒྱ་མཚོ། བར་སྣང་བཅས་ཀྱི་འཐབ་འཁྲུག་ནུས་པ་ལྡན་པས་དམག་རིགས་ཨང་བཞི་བར་འབོད་པ་ཡིན་ལ། རྒྱུན་པར་སྔོན་མངག་དམག་དཔུང་དུ་བྱས་ཏེ་ཕ་རོལ་བའི་འགོག་སྲུང་བརྟོལ་བ་ཡིན། ཨ་མེ་རི་ཁའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་ཚེས་བཅུ་དགུའི་ཉིན་མཚོ་དམག་སྐམ་འཐབ་རུ་ཁག་གི་ཅཱ་ལེ་ཧྥུའུ་ཉི་ཡཱ་ཀྲིག་ཏུ་ཡོད་པའི་འཐབ་འཁྲུག་སྦྱོང་བརྡར་ལྟེ་གནས་ནས་བསྒྲགས་པ་ལྟར་ན། དམག་མི་དག་གིས་ནེ་ཧྭ་ཏཱ་རི་བརྒྱུད་ཀྱི་གངས་འཁྱག་ཁྲོད་སྦྱོང་བརྡར་བྱེད་བཞིན་པ་དངོས་སུ་མཐོང་བ་ཡིན་ཟེར།
མཚོ་ངོས་ལས་མཐོ་ཚད་རྨིད་ཉིས་སྟོང་ལྔ་བརྒྱའི་མཐོ་སྒང་ས་ཁུལ་དབྱང་དབུགས་ཉུང་ཞིང་གངས་སྤུངས་ཀྱི་མཐུག་ཚད་ལ་རྨིད་གཅིག་ཙམ་ཡོད། མཚོ་དམག་སྐམ་འཐབ་རུ་ཁག་དེ་སྐོར་ཁག་གཉིས་སུ་བགོས་ནས། ཕན་ཚུན་ངོ་རྒོལ་བྱེད་པའི་ཚུལ་གྱིས་སྦྱོང་བརྡར་བྱེད་པ་རེད།
འདས་པའི་ལོ་སུམ་ཅུའི་ནང་། ཨ་མེ་རི་ཁའི་དམག་དཔུང་དག་གཙོ་བོ་དབུས་ཤར་དང་ཨེ་ཤ་ཡཱ་དབུས་མའི་ས་ཁུལ་སྐོར་ཞིག་ཏུ་འགུལ་སྐྱོད་བྱེད་པ་དང་། མཚོ་ཁུགས་འཐབ་འཁྲུག་ཐེངས་གཉིས་བརྒྱུད་པ་དང་། ཨ་ཧྥུའུ་ཧན་དུ་དམག་དཔུང་དྲངས། རྟེན་གཞི་རྩ་འཛུགས་དང་དེའི་ཡན་ལག་རུ་ཁག་ལ་ཆམ་ཕབ་བཏང་མྱོང་། སྟོབས་ལྡན་དམག་དཔུང་ཡིན་པའི་ཆ་ནས་ཐེངས་རྗེས་མའི་འཐབ་འཁྲུག་ཁྲོད་སྔར་ལས་ལྷག་པའི་འགྲན་ཡ་དང་འཕྲད་སྲིད།