ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སུའུ་ཏན་ལྷོ་མའི་མི་ཁྲི་གསུམ་ལྟོགས་སྐོམ་གྱི་ཉེན་ཁར་འཕྲད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་ལྷོ་མའི་བསྡོམས་རྩིས་ཅུའུ་དང་སུའུ་ཏན་ལྷོ་མ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་ཚེས་ཉེར་གཉིས་ཉིན་སྤེལ་བའི་སྙན་ཞུ་ལྟར་ན། སུའུ་ཏན་ལྷོ་མའི་མི་ས་ཡ་དྲུག་དང་འབུམ་བརྒྱད་ཀྱི་འབྲུ་རིགས་བདེ་འཇགས་མིན་པ་དང་། དེའི་ནང་མི་ཁྲི་གསུམ་ལྟོགས་སྐོམ་གྱི་ཉེན་ཁར་འཕྲད་ཡོད་ཟེར། 

སུའུ་ཏན་ལྷོ་མའི་བསྡོམས་རྩིས་ཅུའུ་དང་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་འཕེལ་རྒྱས་རྩ་འཛུགས། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ། དེ་མིན་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་བཅས་ཀྱིས་ཉིན་དེར་སྤེལ་བའི་སྙན་ཞུ་ལས་བསྟན་དོན། སུའུ་ཏན་ལྷོ་མར་འབྲུ་རིགས་བདེ་འཇགས་མིན་པའི་མི་གྲངས་དེ་ཉིས་སྟོང་བཅོ་བརྒྱད་ལོའི་ས་ཡ་དྲུག་དང་འབུམ་གཅིག་ནས་ས་ཡ་དྲུག་དང་འབུམ་བརྒྱད་དུ་འཕར་ཡོད། ཆུང་ལའེ་ཀྲིག་དང་མཚེའུ་ཀྲིག་གི་མི་ཁྲི་གསུམ་ལྟོགས་སྐོམ་གྱི་གནས་སུ་ལྷུང་ཡོད་ཟེར། 

སྙན་ཞུ་ལས་བཤད་རྒྱུར། ན་ནིང་ཟླ་དགུ་བར་སུའུ་ཏན་ལྷོ་མའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ཞི་བདེའི་གྲོས་མཐུན་བཀོད་ཡོད་ཀྱང་། ལོ་ཧྲིལ་བོའི་འཁྲུག་རྩོད་ལས་འབྲུ་རིགས་ཀྱི་ཐོན་ཚད་དམའ་བ་དང་། ཁྱིམ་གཞིས་དང་བྲལ་བའི་གནད་དོན་སོགས་ལས་འབྲུ་རིགས་བདེ་འཇགས་མིན་པའི་གནས་ཚུལ་མུ་མཐུད་དུ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཟེར། སྙན་ཞུ་ལས་འབྲེལ་ཡོད་ས་ཁུལ་ལ་བྲེལ་མྱུར་གྱི་མི་ཆོས་རོགས་སྐྱོར་འདོན་སྤྲོད་བྱས་ཏེ། ཁྱབ་ཁོངས་ཆེན་པོའི་ལྟོགས་སྐོམ་གནད་དོན་འབྱུང་བར་སྔོན་འགོག་བྱ་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།