ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་བར་གྱི་གྲོས་མོལ་མདུན་ལྗོངས་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་ཧན་གོས་གྲོས་མོལ་སླར་གསོ་བྱེད་པར་ཡར་སྐུལ་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་དབུ་བཞུགས་བློན་ཆེན་གཞོན་པ་ཚོས་ཧྲན་ཅི་ཡིས་ཚེས་བཅོ་ལྔ་ཉིན་ཕེན་རང་ནས་བཤད་རྒྱུར། ཁྲའོ་ཞན་ཕྱོགས་ཀྱིས་ཕྱིན་ཆད་ཁྲའོ་ཞན་དང་ཨ་མེ་རི་ཁས་མུ་མཐུད་དུ་གྲོས་མོལ་བྱེད་མིན་ལ་སེམས་ཁུར་བྱེད་བཞིན་ཡོད། ཧན་གོའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་བཤད་རྒྱུར། ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་སླར་གསོ་བྱེད་པར་ཡར་སྐུལ་བྱེད་དགོས་ཟེར། 

ཚོས་ཧྲན་ཅི་ཡིས་ཕེན་རང་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཟླ་གཉིས་པའི་ཟླ་མཇུག་ཏུ་ཧི་ནེ་ནས་སྤེལ་བའི་ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པའི་གྲོས་མོལ་ཐེངས་གཉིས་པའི་སྐབས་སུ། ཨ་མེ་རི་ཁ་ཕྱོགས་ཀྱིས་རང་ཉིད་ཀྱི་ཆབ་སྲིད་འཆར་གཞི་དེ་འཐེན་རྩིས་བྱས་པ་དང་། མཇུག་མཐར་ཁྲའོ་ཞན་བར་གྲོས་མཐུན་འགོད་པའི་གོ་སྐབས་བཟང་བོ་ཤོར་བ་རེད། ཨ་མེ་རི་ཁ་ཕྱོགས་ལ་གྲོས་མོལ་གྱི་ལྷག་བསམ་རྣམ་དག་མེད་པའི་གནས་ཚུལ་འོག ཁྲའོ་ཞན་གྱིས་མུ་མཐུད་དུ་གྲོས་མོལ་དེ་འདྲ་སྤེལ་བར་དགོས་པ་ཡོད་མེད་ལ་སེམས་ཁུར་བྱེད་བཞིན་ཡོད་ཟེར། 

ཚོས་ཧྲན་ཅི་ཡིས་ད་རུང་ནན་གྱིས་བསྟན་དོན། མིག་སྔར་ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བར་བར་ཆད་བྱུང་ཡོད་ཀྱང་། རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པས་སྔར་བཞིན་མི་སྒེར་གྱི་འབྲེལ་བ་བཟང་བོ་སྲུང་འཛིན་བྱས་ཡོད། ཁྲའོ་ཞན་ཕྱོགས་ཀྱིས་དུས་སྐབས་འོས་འཚམ་གྱི་སྐབས་སུ་འབྲེལ་བ་བཟང་བོ་དེས་ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བ་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་ཐུབ་པར་རེ་སྒུག་བྱས་ཡོད་ཟེར། 

ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ཡིས་ཚེས་བཅོ་ལྔ་ཉིན་ཚོས་ཧྲན་ཅིའི་གཏམ་བཤད་ལ་ལན་འདེབས་སྐབས་བཤད་རྒྱུར། གནས་ཚུལ་གང་འདྲའི་འོག་ཏུའང་ཧན་གོའི་སྲིད་གཞུང་གིས་ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་སླར་གསོ་བྱེད་པར་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།