ཀྲུང་གོ་བོད་ཀྱི་དྲ་བ།

ཁི་ཝེ་ཐི་ཡིས་ཨ་མེ་རི་ཁའི་བར་གྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁི་ཝེ་ཐིའི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་སཱ་པཱ་ཧི་ཡིས་ཚེས་ཉི་ཤུའི་ཉིན་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མ་ཡིན་པའི་ལས་འཛིན་རྒྱལ་ཁབ་ཡིན་པའི་ཆ་ནས། ཁི་ཝེ་ཐི་ཡིས་ཨ་མེ་རི་ཁའི་བར་གྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། དབུས་ཤར་ས་ཁུལ་གྱི་གནད་དོན་གཙོ་བོ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

སཱ་པཱ་ཧི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་དང་ས་ཁུལ་གྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས། སཱ་པཱ་ཧི་ཡིས་དེའི་རྗེས་སུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁི་ཝེ་ཐི་དང་ཨ་མེ་རི་ཁས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྒྲོམ་གཞིའི་འོག་གི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། དབུས་ཤར་ས་ཁུལ་གྱི་གནད་དོན་གཙོ་བོ་ཐག་གཅོད་བྱེད་པར་ཡར་སྐུལ་གཏོང་འདོད་ཡོད་ཟེར། ཕྱོགས་གཉིས་ཀྱིས་ཞི་བའི་སྒོ་ནས་ཡེ་མིན་གྱི་ཉམས་ཉེན་ཐག་གཅོད་བྱེད་དགོས་པ་དང་། སི་རི་ཡཱའི་ཞི་བདེ་དང་བདེ་འཇགས། གཏན་འཇགས་བཅས་སླར་གསོ་བྱེད་དགོས་ལ། དེ་མིན་ས་ཁུལ་གྱི་འཇིགས་སྐུལ་ངོ་རྒོལ་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་གལ་ཆེན་རང་བཞིན་བཅས་ནན་བཤད་བྱས། 

ཕིན་ཕའེ་ཨོ་ཡིས་བསྟན་དོན། ཨ་མེ་རི་ཁས་མུ་མཐུད་དུ་ཁི་ཝེ་ཐིའི་བར་གྱི་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར། 

ཉིན་དེར་སཱ་པཱ་ཧི་དང་ཕིན་ཕའེ་ཨོ་གཉིས་ཀྱིས་ད་རུང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོས་མོལ་ཐེངས་གསུམ་པར་མགོ་འཛིན་བྱས། ཕྱོགས་གཉིས་ཀྱིས་རྒྱལ་སྲུང་དང་དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ལ་འབྲེལ་བའི་གྲོས་མཐུན་དང་བཟོད་སྒོམ་བརྗེད་ཐོ་འགའ་བཀོད་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།