ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-04-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——ཀྲུང་གོའི་རོགས་སྐྱོབ་རུ་ཁག་མོ་ཙམ་པི་ཁེའི་གེགས་རྗེས་རིམས་འགོག་གི་སྟོབས་ཤུགས་གལ་ཆེན་དུ་གྱུར་པ།

“ཀྲུང་གོའི་སྨན་པའི་རོགས་རམ་ལས་སྲུ་མོ་ཆུང་བའི་ནད་གཞི་དེ་འདྲ་ང་ཚོར་ཕོག་གི་མ་རེད”ཅེས་ལོ་10ལ་སོན་པའི་མོ་ཙམ་པི་ཁེའི་བུ་མོ་སུ་སས་ཀྲུང་གོའི་རོགས་སྐྱོབ་རུ་ཁག་སྨན་བཅོས་ཡན་ལག་རུ་ཁག་གིས་སློབ་གྲྭར་དུག་སེལ་བྱེད་པར་ལྟ་བཞིན་དུ་གསར་འགོད་པར་འདི་ལྟར་བཤད། སུ་སའི་སློབ་གྲྭར་གནོད་འཚེ་ཕོག་མཁན་300ལྷག་ཙམ་གནས་སྐབས་བཀོད་སྒྲིག་བྱས་ཡོད།ཟླ་ཕྱེད་ཀྱི་གོང་ཚ་ཁུལ་དབུགས་འཁྱིལ་ཆེན་པོ“དབྱི་གཏད”ཀྱིས་མོ་ཙམ་པི་ཁེའི་དབུས་རྒྱུད་ས་ཁུལ་དུ་གནོད་འཚེ་ཆེན་པོ་བཟོས་པ་དང་། ད་ཆ་གནོད་འཚེ་ཚབས་ཆེ་ཤོས་ཕོག་པའི་སོ་ཧྥ་ལ་ཞིང་ཆེན་དུ་སྐྱུག་བཤལ་གྱི་ནད་རྟགས་130ལྷག་ཙམ་ཐོན་ཡོད། སུ་ས་འཚོ་བ་སྐྱེལ་སའི་ཞིང་ཆེན་གྱི་ལྟེ་གནས་པེ་ར་གྲོང་ཁྱེར་མུ་ཉི་ཨ་ཝ་ཁུལ་དུ་མི་5སྐྱུག་བཤལ་གྱི་ནད་རྟགས་དབང་གིས་གྲོད་པ་བཤལ་དྲགས་ནས་ཤི་ཡོད། སུ་སའི་སྲུ་མོ་ཆུང་བའང་ཉིན་འགའ་བསྟུད་མར་སྐྱུག་བཤལ་གྱི་ནད་རྟགས་དབང་གིས་ཉལ་སར་ལུས་ནས་སྨན་པ་བསྟེན་ཀྱང་དྲག་སྐྱེད་བྱུང་མེད།ཁུལ་གཅིག་པའི་སློབ་གྲྭ་གཞན་དག་གཱ་པུ་ལ་སློབ་ཆུང་དུ་གནོད་འཚེ་ཕོག་མཁན་600ཙམ་བཀོད་སྒྲིག་བྱས་ཡོད། སློབ་ཁྲིད་ཐོག་ཁང་ཟུར་གྱི་ཆུ་འགྲོའི་འཁྱིལ་ཆུའི་ངོས་སུ་སྦྲང་འབུ་ཁྱུ་དང་ཁྱུ་འཕུར་བཞིན་ཡོད་པ་དང་ཀྲུང་གོའི་རོགས་སྐྱོབ་རུ་ཁག་གི་སྨན་དོན་པས་སློབ་གྲྭར་དུག་སེལ་སྨན་གཏོར་བཞིན་ཡོད།ཀྲུང་གོའི་རོགས་སྐྱོབ་རུ་ཁག་ཟླ་3ཚེས་25ཉིན་མོ་ཙམ་པི་ཁེར་འབྱོར་རྗེས་གནས་དེ་གའི་གནོད་འཚེ་ཕོག་མཁན་ལ་འཕྲལ་མར་སྨན་བཅོས་རོགས་སྐྱོར་བྱས་པ་དང་དུས་མཚུངས། རིམས་ནད་གཞི་ཁྱོན་ཆེ་རུ་མི་འགྲོ་བའི་རིམས་ནད་སྔོན་འགོག་བྱ་སྤྱོད་སྤེལ་ཏེ་ཁོང་ཚོས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་བཞིན་ཡོད།“དུག་སེལ་བྱེད་པའི་དམིགས་ཡུལ་ནི་ནད་ཡམས་ཀྱི་འབྱུང་གཞི་བཀག་སྡོམ་དང་། འགོས་ནད་ཁྱབ་པར་ཚོད་འཛིན། གེགས་ཁུལ་རིམས་ནད་འགོས་པའི་ཁུལ་དུ་མ་གྱུར་སྔོན་འགོག་བཅས་བྱེད་ཆེད་རེད”ཅེས་ཀྲུང་གོ་རོགས་སྐྱོབ་རུ་ཁག་དུག་སེལ་ཚོགས་ཆུང་གི་སྣེ་ཁྲིད་པ་ཀྲུའུ་ཝེ་ཡིས་གསར་འགོད་པར་འདི་ལྟར་བརྗོད།ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་རོགས་སྐྱོབ་རུ་ཁག་གིས་མིག་སྔའི་བར་སྨི་ངོས་གྲུ་ཁྲི་བཅུ་ལྷག་ཟིན་པའི་ས་ཁོངས་སུ་དུག་སེལ་བྱས་པ་དང་། དུག་སེལ་བྱ་ཡུལ་དུ་གནོད་འཚེ་ཕོག་མཁན་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དང་། སློབ་གྲྭའི་ཉལ་ཁང་། དྭ་ཕྲུག་ཁང་། གནས་དེའི་ཕྱི་ཁོངས་ཀྲུང་གོ་བ་སྡོད་ས། དེ་བཞིན་བཟོ་ཁང་སོགས་ཚུད་ཡོད་པ་དང་། དེས་ས་ཆ་དེ་གའི་འཕྲོད་བསྟེན་ལེགས་སུ་ཤུགས་ཆེན་ཕྱིན་ཡོད་པས་ས་གནས་དེ་གའི་སྲིད་གཞུང་གི་དགའ་བསུ་ཐོབ་ཡོད།མུ་ཨན་ཉི་ཏོ་ནི་རྒྱལ་སྤྱིའི་བདེ་ཐང་མནའ་འབྲེལ་གྱི་ལས་རོགས་ཞིབ་འཇུག་པ་ཞིག་ཡིན་པ་དང་། ཁོང་གིས་མོ་ཙམ་པི་ཁེ་སྲིད་གཞུང་གི་འཕྲོད་བསྟེན་སྡེ་ཚན་ལ་མི་ཚོགས་འདུས་སྡོད་ཁུལ་གྱི་ཁོར་ཡུག་ལ་ཚོད་སྐོར་དང་དུག་སེལ་བྱེད་དགོས་པའི་ས་ཆ་གཏན་འཁེལ་བྱེད་རོགས་བྱས་པ་རེད།“ད་ཆ་བཀོད་སྒྲིག་བྱ་ཡུལ(གཱ་པུ་ལ་སློབ་ཆུང)དུ་གྲོད་པ་བཤལ་བའི་ནད་རྟགས་ཐོན་མེད། ཀྲུང་གོའི་རོགས་སྐྱོབ་རུ་ཁག་གིས་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་དུག་སེལ་བྱས་པས། ད་ཡམས་དེ་རིགས་ལ་ཚོད་འཛིན་ཐུབ་པའི་ཡིད་ཆེས་ང་ཚོར་ཡོད”ཅེས་མུ་ཨན་ཉི་ཏོས་བརྗོད།    །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།