ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་གྱི་ས་ཁུལ་མང་བོར་ཐལ་དྲགས་པའི་ནམ་ཟླ་བྱུང་ནས་མི་སུམ་ཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་རྒྱ་གར་གྱི་ས་ཁུལ་མང་བོར་བྱེ་རྡུལ་དྲག་རླུང་སོགས་ཐལ་དྲགས་པའི་ནམ་ཟླ་བྱུང་སྟེ། མི་སུམ་ཅུ་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཟེར།

བསྒྲགས་པ་ལྟར་ན། ཉིན་དེའི་དགོང་མོར་རྒྱ་གར་ནུབ་ཕྱོགས་ཀྱི་ལཱ་ཅཱ་སི་ཐན་པང་ནས་ཐོག་གི་འཇིགས་པ་ལས་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ་བཞི་འདུས་ཟེར། ནུབ་ཕྱོགས་ཀྱི་ཀུའུ་ཅི་ལཱ་ཐི་པང་དུ་བྱེ་རྡུལ་དྲག་རླུང་གི་འཇིགས་པ་ཐེབས་ཏེ། བསྡོམས་པས་མི་དགུ་རྐྱེན་ལམ་དུ་ཤོར། དྲག་ཆར་བབས་པ་ལས་ད་རུང་ཀུའུ་ཅི་ལཱ་ཐི་པང་གི་ས་ཁུལ་སྐོར་ཞིག་གི་ལོ་ཏོག་ལ་གཏོར་བརླག་ཐེབས་པ་དང་། ཚོང་རར་སྐྱེལ་བར་གྲ་སྒྲིག་བྱེད་པའི་སྔོ་ཚལ་སྐོར་ཞིག་ལའང་གཏོར་བརླག་ཐེབས་ཡོད། དེ་ལས་གཞན་རྒྱ་གར་དབུས་ཕྱོགས་ས་ཁུལ་དུ་ཉུང་མཐར་ཡང་མི་བཅུ་ཐལ་དྲགས་པའི་ནམ་ཟླ་ལས་རྐྱེན་ལམ་དུ་ཤོར་ཡོད་ཟེར།

གནོད་འཚེ་བྱུང་རྗེས། རྒྱ་གར་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཁྱབ་སྒྲོག་བྱས་དོན། རྒྱ་གར་ཀྲུང་དབྱང་སྲིད་གཞུང་གིས་ནུས་པ་གང་ཡོད་བཏོན་ནས་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་བྱེད་བཞིན་ཡོད་ཟེར། ཙུང་ལི་ཡིས་ཚོད་འཛིན་བྱེད་པའི་རྒྱལ་ཁབ་རྒུད་སྐྱོབ་ཐེབས་རྩ་ལས་གནོད་ཐེབས་མཁན་གྱི་ཁྱིམ་ཚང་རེ་རེར་རྒྱ་གར་གྱི་སྒོར་མོ་འབུམ་གཉིས་ཀྱི་དམིགས་བསལ་ཁ་གསབ་མ་དངུལ་འདོན་སྤྲོད་བྱེད་པར་ཆོག་མཆན་བཀོད་ཡོད་ལ། ཞོར་དུ་རྨས་མ་རེ་ལ་རྒྱ་གར་གྱི་སྒོར་མོ་ཁྲི་ལྔའི་ཁམས་འདྲིའི་མ་དངུལ་སྟེར་རྒྱུ་རེད།

རྒྱ་གར་རྒྱལ་ཁབ་ཀྱི་གནམ་གཤིས་རྟོག་དཔྱོད་ཁང་གིས་ཚོད་དཔག་བྱས་པ་ལྟར་ན། ཚེས་བཅུ་བདུན་ཉིན་ནས་བཟུང་ཀུའུ་ཅི་ལཱ་ཐི་པང་གི་ས་ཁུལ་སྐོར་ཞིག་ལ་སྔར་བཞིན་ཆར་བ་དྲག་པོ་འབྱུང་སྲིད་པ་དང་། ཞི་མཱ་ཞེ་ཨར་པང་དུ་དྲག་རླུང་འབྱུང་ངེས་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།