ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་འཇར་པན་དང་ཀྲུང་གོའི་འབྲེལ་བར་སྔར་ལས་འཕེལ་རྒྱས་འབྱུང་བར་རེ་སྒུག་བྱེད་པའི་ཚུལ་བསྟན།

    སྤེལ་དུས། : 2019-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་བདུན་ཉིན་གྱི་དགོང་མོར་ཏུང་ཅིན་ནས་བསྟན་དོན། འཇར་པན་དང་ཀྲུང་གོའི་འབྲེལ་བ་དེ་ཁྱབ་ཁོངས་སོ་སོ་ནས་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་རེ་སྒུག་བྱེད་བཞིན་ཡོད་ཟེར། 

ཨན་པའེ་ཅིན་སན་ཉིན་དེའི་དགོང་མོར་འཇར་པན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲིན་ཡུང་ཧྭ་ལས་གནས་དང་འབྲལ་བའི་སྣེ་ལེན་ཚོགས་འདུར་ཞུགས་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། འཇར་པན་གྱིས་ཟླ་ལྔ་བའི་ཚེས་གཅིག་ཉིན་གནམ་བསྐོས་གོང་མ་གསར་བ་ཁྲིད་འཁོད་དེ་ལིན་ཧི་དུས་རབས་བསུས་བྱུང་བ་དང་། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འགོར་བའི་ལོ་ཡིན་པས། འཇར་པན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ལག་རྡང་སྦྲེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེར་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་སོ་སོ་ནས་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་རེ་སྒུག་བྱས་ཡོད་ཟེར། 

ཨན་པའེ་ཅིན་སན་གྱིས་བསྟན་དོན། ན་ནིང་འཇར་པན་དང་ཀྲུང་གོས་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་ངོ་བཞི་བཅུ་འགོར་བའི་སྐབས་སུ། ཁོས་ཀྲུང་གོའི་མགོ་ཁྲིད་པ་དང་མཉམ་དུ་ཐེངས་མང་བོར་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་འཇར་པན་དང་ཀྲུང་གོའི་འགྲན་རྩོད་དེ་མཐུན་སྦྱོར་དུ་གྱུར་བ་དང་མཉམ་ལས་ཀྱི་གྲོགས་པོར་གྱུར་ཡོད་ལ། ཕན་ཚུན་ལ་འཇིགས་ཉེན་ཐེབས་མི་སྲིད་པ་དང་། མཉམ་དུ་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་རྒྱུ་ཁས་ལེན་བྱས། ཁོས་ནན་གྱིས་བསྟན་དོན། འཇར་པན་དང་ཀྲུང་གོའི་འབྲེལ་བ་ལེགས་བཅོས་བྱུང་ནས་འཕེལ་རྒྱས་སུ་སོང་ན་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་འཚམ་པར་མ་ཟད། ས་ཁུལ་དང་འཛམ་གླིང་གི་གཏན་འཇགས་འཕེལ་རྒྱས་ལའང་དོན་སྙིང་གལ་ཆེན་ལྡན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།