ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་སི་ཏི་ཨ་རབ་ཀྱི་དམིགས་འབེན་ལ་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། རྩ་འཛུགས་དེས་སོ་ཏི་ཨ་རབ་ལྷོ་ཕྱོགས་ཀྱི་ནེ་ཅི་ལན་ཞིང་ཆེན་གྱི་དམག་ཆས་མཛོད་ཁང་ཞིག་ལ་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་འཇབ་རྒོལ་བྱས་ཟེར། 

ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཧུའུ་སེ་དྲག་ཆས་པས་ནེ་ཅི་ལན་གནམ་གྲུ་ཐང་གི་དམག་ཆས་མཛོད་ཁང་ཞིག་ལ་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་འཇབ་རྒོལ་བྱས་པ་དང་། དེའི་རྗེས་སུ་དམག་ཆས་མཛོད་ཁང་དེར་མེ་སྐྱོན་བྱུང་ཟེར། 

སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། ཧུའུ་སེ་དྲག་ཆས་པས་འགད་རྫས་ཁྱེར་བའི་མི་བསྡད་མེད་པའི་གནམ་གྲུས་ནེ་ཅི་ལན་ཞིང་ཆེན་གྱི་དམངས་བཀོལ་སྒྲིག་ཆས་ལ་འཇབ་རྒོལ་བྱེད་རྩིས་བྱས་ཟེར་ཡང་། གསལ་སྒྲོག་ལས་འཇབ་རྒོལ་ལས་བཟོས་པའི་ཤི་རྨས་དང་གྱོང་གུད་གནས་ཚུལ་གསལ་བོར་བསྒྲགས་མེད། 

ཧུའུ་སེ་དྲག་ཆས་པ་དང་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བྱུང་བའི་བྱེ་བྲག་གི་དུས་ཚོད་གསལ་བོར་བསྒྲགས་མེད། 

གཞན་ཡང་སོ་ཏི་ཨ་རབ་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཧུའུ་སེ་དྲག་ཆས་པས་ཚེས་ཉི་ཤུའི་ཉིན་སོ་ཏི་ཨ་རབ་ཀྱི་མེད་ཅཱ་དང་ཅི་ཏཱ་གཉིས་ལ་སོ་སོར་འཕུར་མདའ་གཅིག་རེ་གཏོང་འཕེན་བྱས་པ་དང་། འཕུར་མདའ་དེ་གཉིས་སོ་ཏི་ཨ་རབ་ཀྱི་མཁའ་སྲུང་དམག་དཔུང་གིས་བཀག་པ་ཡིན་ཟེར། 

ཧུའུ་སེ་དྲག་ཆས་པས་ཚེས་བཅུ་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དམག་དོན་དམིགས་འབེན་སུམ་བརྒྱར་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།