ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི་ནཱ་ལེ་སི་ཡིས་ཚེས་གཉིས་ཉིན་ཏང་གི་ཀྲུའུ་ཞི་དང་སྤྱི་ཚོགས་དམངས་གཙོ་ཏང་གི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་ཏང་ཁག་ཀྲུའུ་ཞིའི་ལས་འགན་བསྐྱུར་རྒྱུ་ཁྱབ་སྒྲོག་བྱས།

ནཱ་ལེ་སི་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། སྤྱི་ཚོགས་དམངས་གཙོ་ཏང་ནང་ཁུལ་གྱི་གྲོས་མོལ་ལས་ཁོ་མོས་ལས་འགན་ལག་བསྟར་བྱེད་པར་མཁོ་བའི་རྒྱབ་སྐྱོར་ཉམས་དམས་སུ་སོང་བ་མཚོན་ཡོད་པ་དང་། ཁོ་མོས་ཚེས་གསུམ་ཉིན་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞིའི་ལས་འགན་དངོས་སུ་བསྐྱུར་རྒྱུ་ཡིན་ལ། ཚེས་བཞིའི་ཉིན་སྤྱི་ཚོགས་དམངས་གཙོ་ཏང་གི་རྒྱལ་ཕྲན་མཉམ་གྲོས་ཁང་གི་ཏང་ཁག་ཀྲུའུ་ཞིའི་ལས་འགན་བསྐྱུར་རྒྱུ་ཡིན་ཟེར།

ནཱ་ལེ་སི་ཡིས་སྤྱི་ཚོགས་དམངས་གཙོ་ཏང་གིས་དཀའ་སྡུག་གི་ཁོར་ཡུག་ཁྲོད་སྟོབས་ཤུགས་ལེགས་སྒྲིག་བྱས་ཏེ་འདོད་བློ་གསར་བས་འདེམ་དམངས་ཀྱི་བློ་ཁ་འགུག་དགོས་ཟེར།

ནཱ་ལེ་སི་ཡིས་ལས་ཁུར་དགོངས་ཞུ་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ནི་སྤྱི་ཚོགས་དམངས་གཙོ་ཏང་ལ་ཉེ་སྔོན་ཡོ་རོབ་གླིང་གྲོས་ཁང་གི་འདེམ་བསྐོ་དང་པུའུ་ལའེ་མཱེ་ཀྲིག་གི་གྲོས་ཁང་འདེམ་བསྐོའི་ཁྲོད་ཕམ་ཉེས་བྱུང་། འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་ལ་ཡོ་རོབ་གླིང་གྲོས་ཁང་གི་འདེམ་བསྐོའི་ཁྲོད་བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་བརྒྱད་ཀྱི་འདེམ་ཤོག་ཐོབ་པ་དང་། ཉིས་སྟོང་བཅུ་བཞི་ལོའི་འདེམ་ཤོག་ཐོབ་ཚད་ལས་བརྒྱ་ཆའི་བཅུ་ཇེ་དམའ་རུ་སོང་ཡོད། པུའུ་ལའེ་མཱེ་ཀྲིག་གི་གྲོས་ཁང་འདེམ་བསྐོའི་ཁྲོད་སྤྱི་ཚོགས་དམངས་གཙོ་ཏང་ལ་བརྒྱ་ཆའི་ཉེར་བཞི་དང་གྲངས་ཆུང་དགུའི་འདེམ་ཤོག་ཐོབ་ཡོད་ལ། སྐབས་སྔོན་མ་ལས་བརྒྱ་ཆའི་བརྒྱད་ཙམ་ཇེ་དམའ་རུ་སོང་ཡོད་པ་རེད།

བསྒྲགས་པ་ལྟར་ན། ནཱ་ལེ་སི་ཡིས་ལས་ཁུར་དགོངས་ཞུ་བྱས་རྗེས་སྤྱི་ཚོགས་དམངས་གཙོ་ཏང་གི་མཐོ་རིམ་དཔོན་པོས་ཡང་བསྐྱར་མི་དོན་བཀོད་སྒྲིག་བྱས་ཏེ། སྤྱི་ཚོགས་དམངས་གཙོ་ཏང་དེ་ཙུང་ལི་མའོ་ཁི་ཨར་ཡོད་པའི་མནའ་འབྲེལ་ཏང་བར་རྩ་འཛུགས་བྱས་པའི་སྲིད་འཛིན་མནའ་འབྲེལ་ལས་ཕྱིར་འབུད་ཀྱང་སྲིད་ཟེར།

མའོ་ཁི་ཨར་གྱིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁོ་མོས་སྲིད་འཛིན་མནའ་འབྲེལ་ཡུན་དུ་བརྟན་པའི་རེ་བ་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།