ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་རྒྱལ་ས་ནས་རླངས་འཁོར་འགས་གཏོར་དོན་རྐྱེན་ཞིག་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་བཅུར་རྨས་ཕོག

    སྤེལ་དུས། : 2019-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་གསུམ་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་ནུབ་ཕྱོགས་ས་ཁུལ་ནས་ཉིན་དེར་རླངས་འཁོར་འགས་གཏོར་དོན་རྐྱེན་ཞིག་བྱུང་སྟེ། མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུར་རྨས་ཕོག་ཟེར། 

ཁཱ་པོར་ཉེན་རྟོག་ཅུའུ་ཡི་མགྲིན་ཚབ་པ་ཧྥ་ལཱ་མཱ་ཙི་ཡིས་གསར་འགོད་པར་བཤད་རྒྱུར། ས་དེའི་ཕྱི་དྲོའི་དུས་ཚོད་གཅིག་དང་སྐར་མ་སུམ་ཅུའི་ཡས་མས་སུ། ཨ་ཧྥུའུ་ཧན་སྒེར་ཚུགས་སྲིད་འཛིན་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣ་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་ཁཱ་པོར་ནུབ་ཕྱོགས་ཀྱི་ཏཱ་ལུའུ་ལཱ་མན་སྲང་ལམ་དུ་འགས་གཏོར་བྱུང་སྟེ། མི་སྣར་ཤི་རྨས་ཐེབས། 

གནས་ཚུལ་དངོས་སུ་མཐོང་མཁན་མུའུ་སི་ཐཱ་ཧྥ་ཡིས་གསར་འགོད་པར་བདེན་དཔང་བྱས་དོན། འགས་གཏོར་དོན་རྐྱེན་དེ་བྱུང་ས་ནི་ཨ་ཧྥུའུ་ཧན་གྱི་རྒྱལ་ཁབ་གྲོས་ཁང་གི་ཐོག་ཁང་ཆེན་མོ་དང་སྲིད་གཞུང་གི་གཞུང་སྒྲུབ་བྱེད་ས་གཞན་པའི་ཉེ་ས་ཡིན་པ་རེད་ཟེར། ཁོས་བཤད་རྒྱུར། འགས་གཏོར་དོན་རྐྱེན་བྱུང་རྗེས་འགྲུལ་སྐྱེལ་རླངས་འཁོར་དེ་མེར་འབར་བ་དང་ཡུལ་དངོས་སུ་དུད་ནག་ལང་ལོང་དུ་འཕྱུར་བཞིན་ཡོད་ལ། དོན་རྐྱེན་བྱུང་ས་དེ་ཉེན་རྟོག་ཕྱོགས་ཀྱིས་བཀག་སྡོིམ་བྱས་ཡོད་ཟེར། 

ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་ལཱ་ཞེ་མུས་ཀྱིས་བཤད་རྒྱུར། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། འགས་གཏོར་དེ་ནི་འགྲུལ་སྐྱེལ་རླངས་འཁོར་སྟེང་སྔར་ནས་བཞག་ཡོད་པའི་འགད་རྫས་ལས་བྱུང་བ་རེད་ཟེར། 
མིག་སྔར་ད་རུང་རྩ་འཛུགས་གང་རུང་གིས་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།