ཀྲུང་གོ་བོད་ཀྱི་དྲ་བ།

ཀླུ་ཆུ་རྫོང་རྒྱ་ནག་པ་ཡོན་ཏན་རྒྱ་མཚོའི་སློབ་གསོ་སྐུལ་སྤེལ་ལྷན་ཚོགས་ཀྱིས2017ལོའི་སློབ་གྲྭ་ཆུང་འབྲིང་གི་མཐར་ཕྱིན་ཕུལ་བྱུང་སློབ་མར་བྱ་དགའ་སྤྲད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2017ལོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་རྒྱ་ནག་པ་ཡོན་ཏན་རྒྱ་མཚོའི་སློབ་གསོ་སྐུལ་སྤེལ་ལྷན་ཚོགས་ཀྱིས2017ལོའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་མཐར་ཕྱིན་ཕུལ་བྱུང་སློབ་མར་བྱ་དགའ་སྤྲད།  2017ལོའི་སློབ་གྲྭ་ཆུང་འབྲིང་གི་མཐར་ཕྱིན་ལྷན་རྒྱུགས་ཁྲོད་ཕུལ་བྱུང་སྦྱང་འབྲས་བླངས་པའི་སློབ་མ12ལ་གཟེངས་བསྟོད་བྱ་དགའ་བྱིན་པ་སྟེ། སློབ་གྲྭ་འབྲིང་ཆུང་གི་མཐར་ཕྱིན་ལྷན་རྒྱུགས་ཁྲོད་སློབ་ཆུང་སྐོར་གྱི་སློབ་མ་ཚེ་རིང་སྒྲོལ་མ་སོགས་ཨང་གསུམ་པ་ཡན་བླངས་པའི་སློབ་མ་གསུམ་དང་། དམའ་འབྲིང་སྐོར་གྱི་ཨང་གསུམ་པ་ཡན་ཐོབ་པའི་སྙིང་མོ་འཚོ་སོགས་སློབ་མ་གསུམ། མཐོ་འབྲིང་སྐོར་གྱི་རིག་ཚན་དང་རྩིས་ཚན་གཉིས་ལས་ཨང་གསུམ་པ་ཡན་ཐོབ་མཁན་གྱི་སློབ་མ་རྡོ་རྗེ་དོན་གྲུབ་དང་སྙིང་མོ་ཐར་སོགས་སློབ་མ་དྲུག་བཅས་བསྡོམས་པས་སློབ་མ་བཅུ་གཉིས་ལ་བྱ་དགའ་བྱིན།

ཐེངས་འདིར་བྱ་དགའ་ཐོབ་པའི་མཐོ་འབྲིང་མཐར་ཕྱིན་སློབ་མ་དྲུག་ལ་ཨང་དང་པོ་རེར་སྒོར3000དང་ཨང་གཉིས་པ་རེར་སྒོར2500 ཨང་གསུམ་པ་རེར་སྒོར 2000བཅས་བསྡོམས་པས་སྒོར་ཁྲི1.5ཡི་བྱ་དགའ་སྤྲད་པ་དང་། དམའ་འབྲིང་དང་སློབ་ཆུང་གི་སྐོར་ལ་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཐོབ་མཁན་གྱི་སློབ་མ་དྲུག་ལ་བསྡོམས་པས་སྒོར་ཁྲི1.4ཡི་བྱ་དགའི་མ་དངུལ་སྤྲད་པ་རེད།

རྒྱ་ནག་པ་སློབ་གསོ་སྐུལ་སྤེལ་ལྷན་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སློབ་གསོའི་ཐེབས་རྩ་དོ་དམ་གང་ལེགས་དང་། མ་རྩ་འཁོར་སྐྱོད་ཀྱི་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལྟར་མི་རིགས་སློབ་གསོའི་དོན་དངོས་ཀྱི་གནས་ཚུལ་དང་སློབ་གསོ་སྐུལ་སྤེལ་ལྷན་ཚོགས་ཀྱི་བྱ་བའི་སྲོལ་ཡིག་གི་ཐག་གཅོད་ལྟར་དུས་བསྟུན་མདུན་སྐྱོད་ཀྱི་བསམ་བློ་གཞིར་བཟུང་ནས2010ལོ་ནས་བཟུང་བའི་ལོ་ངོ་བརྒྱད་ཀྱི་རིང་ལ་བྱ་དགའི་རྣམ་གྲངས་འདི་ལག་བསྟར་བྱས་ལ། ད་ལྟའི་བར་དུ་བསྡོམས་པས་སློབ་མ87ལ་བྱ་དགའ་བྱིན་པ་མ་ཟད།  ལོ་རེ་བཞིན་བྱ་དགའ་བྱིན་པའི་མཛད་སྒོ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྐལ་ལྡན་སློབ་བུ་གང་མང་ཞིག་གི་སློབ་སྦྱོང་གི་མདུན་ལམ་ལ་སྣེ་ཁྲིད་དང་སྐུལ་སྤེལ་བྱས་པ་དང་། སློབ་མ་རྣམས་ལ་རང་ཉིད་ནར་སོན་རྗེས་ཏང་དང་རྒྱལ་ཁབ། མི་རིགས་བཅས་ལ་རང་ནུས་ཅི་ལྕོགས་ཀྱིས་སྲི་ཞུ་བསྒྲུབ་དགོས་པའི་བསམ་བློའི་སློབ་གསོ་དང་མདུན་སྐྱོད་ཀྱི་ཟུངས་ཤུགས་བར་མེད་དུ་སྦྱིན།  ལྷག་པར་དུ་ཕྱི་རབས་སློབ་མ་གང་མང་ཞིག་ལ་མི་ཚེའི་རིན་ཐང་ལྟ་བ་དང་འཇིག་རྟེན་ལྟ་བ། ཕུགས་བསམ་སློབ་གསོ་སོགས་ཀྱི་ཐད་དཔེ་གཞི་དང་སྐུལ་ལྕགས་ཡུན་ནས་ཡུན་དུ་གཏོང་བའི་འཕྲིན་ལས་འདི་ཟམ་མི་ཆད་པར་སྤེལ་དང་སྤེལ་བཞིན་པའོ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།